Friday , September 20 2019
Home / གསར་འགྱུར། / སངས་རྒྱས་མཚོའི་སྤུན་ཉེ་གྲྭ་པ་ཞིག་རྒྱ་གཞུང་གིས་འཇུ་བཟུང་བྱས་འདུག

སངས་རྒྱས་མཚོའི་སྤུན་ཉེ་གྲྭ་པ་ཞིག་རྒྱ་གཞུང་གིས་འཇུ་བཟུང་བྱས་འདུག

ཕྱི་ཚེས་ ༢༧ ཉིན་སངས་རྒྱས་འཚོའི་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་རྗེས། ཁོང་མོའི་སྤུན་ཉེ་གྲྭ་བསྟན་འཛིན་བཟོད་པ་ལགས་རྒྱ་གཞུང་གིས་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༨ ཉིན། ཆས་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་བསྟན་འཛིན་བཟོད་པ་ལགས་རྒྱ་གཞུང་ཉེན་རྟོག་པས་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

གྲྭ་བསྟན་འཛིན་བཟོད་པ་ལགས་ནི། ཕྱི་ཚེས་ ༢༧ ཉིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་བོད་རིགས་བུ་མོ་སངས་རྒྱས་འཚོའི་མིང་པོ་ཞིག་གི་བུ་ཡིན་འདུག ཁོང་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་ད་ལྟའི་གནས་སྟངས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། ས་གནས་མང་ཚོགས་ཀྱིས་དེ་ནི་རྒྱ་གཞུང་གིས་སངས་རྒྱས་མཚོའི་རང་ལུས་མེར་བསྲེགས་ལ་ཁ་གཡར་ཏེ་འཇུ་བཟུང་བྱས་པ་ཞིག་ཡིན་པའི་ཚོད་བགམ་བྱེད་ཀྱིན་འདུག

གཞན་ཡང་། སངས་རྒྱས་འཚོའི་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་འདས་གྲོངས་ཕྱིན་པའི་སྐོར་ནས། འདི་གར་གསར་དུ་གནས་ཚུལ་འབྱོར་དོན། སངས་རྒྱས་འཚོས་རང་ལུས་མེར་བསྲེགས་སྐབས་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་གཅིག་དང་སྤོས་ཆག་པ་གཅིག་ཁྱེར་ཏེ། རང་བསྲེགས་གཏོང་ཡུལ་རྒྱ་གཞུང་ལས་ཁུངས་ཀྱི་སྒོ་འགྲམ་དུ། ༧གོང་ས་མཆོག་གི་སྐུ་པར་ཡར་བཤམས་རྗེས། དེའི་འོག་ཏུ་༼༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས།༽ཞེས་བྲིས་ཡོད་འདུག དེར་མ་ཟད། གཞན་པའི་ཡི་གེ་ཁག་ཅིག་ཀྱང་བྲིས་ཡོད་མོད། ས་གནས་མང་ཚོགས་ཀྱིས་ཡི་གེ་ག་རེ་བྲིས་ཡོད་མེད་གསལ་བོ་ཤེས་རྟོགས་བྱུང་མི་འདུག

དེ་བཞིན། སངས་རྒྱས་འཚོའི་རང་ལུས་མེར་བསྲེགས་བཏང་པའི་གནས་ཚུལ་དེ་ཐོག་མར་མཐོང་མཁན་ནི། དགོན་པའི་ཕྱི་སྐོར་དུ་མཆོད་མཇལ་བསྐྱོད་མཁན་ས་གནས་མང་ཚོགས་རྣམས་ཡིན་འདུག ཁོང་ཚོ་སྐོར་བ་ཐོག་དང་པོར་བསྐྱོད་དགོན་འདབས་ཀྱི་རྒྱ་གཞུང་ལས་ཁུངས་སྒོ་འགྲམ་དུ་མེ་ཕུང་ཆེན་པོ་ཞིག་འབར་བཞིན་པ་མཐོང་འདུག་ཀྱང་། སྐབས་དེར་ཅུང་ཙམ་མཚན་སྨག་ཡིན་སྟབས་དེ་ནི་རྒྱ་གཞུང་ལས་ཁུངས་ཀྱིས་གད་སྙིགས་རིགས་མེར་བསྲེགས་བཏང་བ་ཞིག་ཡིན་པར་བསམ་སྟེ་དོ་སྣང་བྱས་མི་འདུག སྐོར་བ་ཐེངས་གཉིས་པར་བསྐྱོད་སྐབས་ནམ་ལངས་ཡོད་སྟབས། མི་ཞིག་གིས་མེར་བསྲེགས་བཏང་བ་ཡིན་པ་ཤེས་རྟོགས་དང་། མེར་བསྲེགས་གཏོང་ཡུལ་དུ་བཤམས་པའི་གོང་གསལ་གནས་ཚུལ་དག་ཀྱང་གསལ་བོ་མཐོང་འདུག ཡིན་ནའང་། མེར་བསྲེགས་ཐེབས་པ་ཧ་ཅང་ཚབ་ཆེ་སྟབས་མི་སུ་ཡིན་མིན་ཤེས་ཐུབ་མེད་པ་རེད། སྐོར་བ་ཐེངས་གསུམ་པར་བསྐྱོད་སྐབས་མེར་བསྲེགས་གཏོང་ཡུལ་དུ་རྒྱ་གཞུང་ཉེན་རྟོག་དམག་མི་མང་པོས་མེ་མདའ་བཟུང་སྟེ་བཀག་སྡོམ་གྱིས་མང་ཚོགས་རྣམས་འགྲོ་བསྐྱོད་བྱེད་བཅུག་མེད་པ་རེད།

ཕྱི་ཚེས་ ༢༧ ཉིན་ཞོགས་པར་རྒྱ་གཞུང་གིས་སངས་རྒྱས་འཚོའི་སྐུ་ཕུང་གཙོས་གྲོང་ཁྱེར་དུ་ཁྱེར་ཡོད་པ་དང་། རྒྱ་གཞུང་ཉེན་རྟོག་དམག་མི་རྣམས་སངས་རྒྱ་མཚོའི་ཁྱིམ་དུ་སོང་ནས། ནང་མིའི་ངོས་ནས་སངས་རྒྱས་འཚོའི་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་གསང་རྒྱ་བྱས་ཏེ། ཁོང་མོ་ནི་སྤྱིར་བཏང་གི་གནས་ཚུལ་འོག་འདས་གྲོངས་ཕྱིན་སྐོར་བརྗོད་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཉིན་དེར་ནང་མིར་འདས་མཆོད་ཀྱང་བྱེད་བཅུག་མེད་པ་རེད། རྗེས་སུ་ནང་མི་གཉིས་སྐད་བཏང་སྟེ་ཕྱི་ཚེས་ ༢༨ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༡ ཡས་མས་ཙམ་ལ་སངས་རྒྱས་འཚོའི་སྐུ་ཕུང་མེར་བསྲེགས་རྗེས་རུས་ཐལ་ཕྱིར་ནང་མིར་རྩིས་སྤྲོད་བྱས་ཡོད་པ་དང་། ཉིན་དེ་ནས་བཟུང་རྒྱ་གཞུང་གིས་ནང་མིའི་ངོས་ནས་ཁོ་མོར་འདས་མཆོད་སྒྲུབ་ཆོག་སྐོར་བརྗོད་འདུག

སངས་རྒྱས་འཚོ་ལགས་ཕྱི་ལོ་ ༢༠༠༣ ལོར་ལྷ་སར་བསྐྱོད་ཡོད་པ་དང་། ཕྱི་ལོ་ ༢༠༠༤ ལོར་ཁོང་མོའི་ཁྱོ་ག་རྟ་མགྲིན་དབང་རྒྱལ་དང་གཉེན་སྒྲིག་བྱས་རྗེས། ལྷ་སར་ཚོང་ལས་གཉེར་ནས་བསྡད་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་ཕྱིར་ཕ་ཡུལ་དུ་ལོག་སྟེ། ལའི་ཅུས་ཞེས་པའི་རྒྱའི་ས་ཆ་ཞིག་ཏུ་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་བཅས་ཚོང་གཉེར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ཡས་མས་ཤིག་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ནག་ཆུ་ས་ཁུལ་དུ་བསྐྱོད་དེ་ཚོང་ལས་གཉེར་བཞིན་ཡོད་འདུག རང་ལུས་མེར་བསྲེགས་མ་བཏང་པའི་ཉེ་བའི་ཉིན་འགའི་སྔོན་ལ་ཁོ་མོ་ཕྱིར་རང་ཡུལ་དུ་ལོག་ཡོད་འདུག

སངས་རྒྱས་འཚོ་བཟའ་ཟླ་གཉིས་ནི་འཚོ་བའི་མཐུན་རྐྱེན་ལེགས་པོ་ཡོད་པའི་གྲས་ཡིན་འདུག ཁོང་གཉིས་ལ་ཕ་ཡུལ་དུ་ཁང་པ་གཉིས་དང་བླ་བྲང་དུའང་ཁང་པ་གཅིག་བཅས་ཡོད་འདུག ད་དུང་བྱིས་པ་གཉིས་ཆུང་དུས་ནས་རྒྱ་ནང་དུ་སློབ་གྲྭར་བསྐྱལ་ན་ཡག་པོ་མེད་པར་བསམ་བློ་བཏང་སྟེ། བྱིས་པ་གཉིས་རྨ་ལྷོ་ཁུལ་གྱི་བོད་ཡིག་ཡོད་པའི་སློབ་གྲྭ་ཞིག་ནང་བསྐྱལ་ཏེ། བྱིས་པར་ལྟ་སྐྱོང་ཆེད་ཁོང་མོའི་ཁྱོ་གའི་ཨ་ཕ་ལགས་ཁུལ་ཐོག་ཏུ་གནས་སྡོད་བྱེད་བཅུག་ཡོད་འདུག

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …