Friday , September 20 2019
Home / གསར་འགྱུར། / སངས་རྒྱས་མཚོའི་སྡེ་པ་གཅིག་པའི་གྲྭ་པ་གཉིས་སྔ་ཕྱིར་འཇུ་བཟུང་བྱས་འདུག

སངས་རྒྱས་མཚོའི་སྡེ་པ་གཅིག་པའི་གྲྭ་པ་གཉིས་སྔ་ཕྱིར་འཇུ་བཟུང་བྱས་འདུག

རྒྱ་གཞུང་ཉེན་རྟོག་པས་རང་ལུས་མེར་བསྲེགས་གནང་མཁན་སངས་རྒྱས་མཚོ་དང་སྡེ་པ་གཅིག་པ་ཡིན་པའི་ཆས་པའི་གཤིས་དགོན་པའི་གྲྭ་བསམ་གཏན་རྒྱ་མཚོ་དང་བློ་བཟང་བསྟན་འཛིན་ལགས་གཉིས་སྔ་ཕྱིར་འཇུ་བཟུང་བཙན་འཁྲིད་བྱས་འདུག

ཆབ་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པ།
ཆབ་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པ།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༦ པའི་ཚེས་ ༤ ཉིན་ཆུས་པའི་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་བསམ་གཏན་རྒྱ་མཚོ་ལགས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། དེ་བཞིན། ཚེས་ ༥ ཉིན་མཚན་ཉིད་གྲྭ་ཚང་གི་གྲྭ་བློ་བཟང་བསྟན་འཛིན་ལགས་ཀྱང་འཇུ་བཟུང་བཙན་འཁྲིད་བྱས་ཏེ། ད་ལྟའི་ཆར་ཁོང་གཉིས་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ལྷག་ཡོད་འདུག

གྲྭ་བསམ་གཏན་རྒྱ་མཚོ་དང་བློ་བཟང་བསྟན་འཛིན་གཉིས་ནི། ཉེ་ཆར་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་མཁན་བོད་རིགས་བུ་མོ་སངས་རྒྱས་མཚོ་དང་སྡེ་པ་གཅིག་པ་སྟེ། ཅོ་ནེ་རྫོང་ཉིན་པ་ཞང་རྨེ་རུ་སྲིབ་པ་སྡེ་པའི་ཡིན་པ་དང་། ཁོང་གཉིས་ཀ་རང་ལོ་ཉི་ཤུའི་ནང་ཡོད་འདུག

ཁོང་གཉིས་འཇུ་བཟུང་དགོས་པའི་རྒྱུ་རྐྱེན་གང་ཡིན་གསལ་བོ་ཤེས་རྟོགས་བྱུང་འདུག་ཀྱང་། ས་གནས་མང་ཚོགས་ཀྱི་ངོས་ནས། ཁོང་གཉིས་ཀྱིས་སངས་རྒྱས་མཚོའི་རང་ལུས་མེར་བསྲེགས་དང་འབྲེལ་བའི་གནས་ཚུལ་སྐོར་སྐད་འཕྲིན་ནང་བཤད་པར་བརྟེན་ནས་འཇུ་བཟུང་བྱས་པ་ཞིག་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་འདུག

གཞན་ཡང་། སངས་རྒྱས་མཚོས་ཟླ་འགའི་སྔོན་ལ་མོ་རང་གི་རྣ་རྒྱན་དང་ཆབ་མ་སོགས་འདོགས་ཆའི་རིགས་ཚང་མ་ཕྱིར་མོའི་ཁྱོ་གའི་ཕ་མ་གཉིས་ལ་སྐུར་ཏེ། མ་འོངས་པར་བྱིས་པ་རྣམས་སློབ་གྲྭར་གཏོང་བའི་ཆེད་བཀོལ་ན་ཡག་པོ་ཡོད་སྐོར་བརྗོད་སྟབས། ད་ལྟའི་ཆར་རྒྱ་གཞུང་ཉེན་རྟོག་པ་རྣམས་ཁྱོ་གའི་ཕ་མ་གཉིས་ཀྱི་ཁྱིམ་དུ་སོང་སྟེ། ཁོ་མོའི་འདོགས་ཆ་རྣམས་བཙན་གྱིས་ཕྱིར་འདོན་དུ་བཅུགས་ཏེ་པར་བརྒྱབས་པ་དང་། ཤུལ་ལུས་ནང་མི་རྣམས་ལ་དེའི་སྐོར་ནས་འདྲི་གཅོད་བརྩད་ཞིབ་ཤུགས་ཆེན་པོ་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་རྒྱ་གཞུང་གིས་ས་གནས་དེ་ཁུལ་དུ་སྔར་བའི་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ལྷག་པར་དུ་སྐད་འཕྲིན་གཙོས་པའི་གནས་འཕྲིན་དྲ་རྒྱའི་བརྒྱུད་ལམ་ཁག་ལ་ཞིབ་བཤེར་ནན་མོ་བྱེད་བཞིན་ཡོད་འདུག

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …