Friday , September 20 2019
Home / གསར་འགྱུར། / སངས་རྒྱས་མཚོའི་ཁྱོ་ག་དང་གཞན་པའི་གྲྭ་པ་གཅིག་འཇུ་བཟུང་བྱས་འདུག

སངས་རྒྱས་མཚོའི་ཁྱོ་ག་དང་གཞན་པའི་གྲྭ་པ་གཅིག་འཇུ་བཟུང་བྱས་འདུག

ཕྱི་ཚེས་ ༡༠ ཉིན་སངས་རྒྱས་མཚོའི་ཁྱོ་ག་རྟ་མགྲིན་དབང་རྒྱལ་དང་ཆས་པའི་གཤིས་དགོན་པའི་གྲྭ་འཕྲིན་ལས་རྒྱ་མཚོ་གཉིས་འཇུ་བཟུང་བྱས་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༠ ཉིན། ཉེ་སྔོན་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་པའི་བོད་རིགས་བུ་མོ་སངས་རྒྱས་མོའི་ཁྱོ་གོ་རྟ་མགྲིན་དབང་རྒྱལ་དང་། ཆས་པའི་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་གྲྭ་འཕྲིན་ལས་རྒྱ་མཚོ་གཉིས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

སངས་རྒྱས་མཚོའི་ཁྱོ་ག་རྟ་མགྲིན་དབང་རྒྱལ་ལགས་ནི། ཅོ་ནེ་རྫོང་ཉིན་པ་ཞང་ཉིན་པ་སྡེ་བའི་ཡིན་པ་དང་། གྲྭ་འཕྲིན་ལས་རྒྱ་མཚོ་ལགས་ནི་ཉིན་པ་ཞང་བརྒྱ་ཆད་སྡེ་བའི་ཡིན་པ་རེད། ཁོང་གཉིས་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་གསལ་བོ་ཤེས་རྟོགས་བྱུང་མེད་ཀྱང་། ས་གནས་མང་ཚོགས་ཀྱིས་ཁོང་གཉིས་ཀྱང་སངས་རྒྱས་རང་ལུས་མེར་བསྲེགས་དང་འབྲེལ་བའི་ཉེས་འཛུགས་འོག རྒྱ་གཞུང་གིས་འཇུ་བཟུང་བྱས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

སངས་རྒྱས་མཚོ་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་དང་རྟ་མགྲིན་དབང་རྒྱལ་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ཁོང་བཟའ་མི་གཉིས་ཀྱི་ཤུལ་དུ་ལྷག་ཡོད་པའི་བུ་ཚེ་རིང་དོན་འགྲུབ་དང་བུ་མོ་མཁའ་འཚོ་གཉིས་ལ། རྟ་མགྲིན་དབང་རྒྱལ་ཀྱི་ཕ་ལགས་ཀྱིས་གཉོར་སྐྱོང་བྱེད་བཞིན་ཡོད་འདུག

དེ་སྔོན་འཇུ་བཟུང་བྱས་ཟིན་པའི་ཆས་པའི་གཤིས་དགོནཔའི་་གྲྭ་བསྟན་འཛིན་བཟོད་པ་དང་། གྲྭ་བསམ་གཏན་རྒྱ་མཚོ། གྲ་བློ་བཟང་བསྟན་འཛིན་གསུམ་གྱི་པར།
དེ་སྔོན་འཇུ་བཟུང་བྱས་ཟིན་པའི་ཆས་པའི་གཤིས་དགོནཔའི་་གྲྭ་བསྟན་འཛིན་བཟོད་པ་དང་། གྲྭ་བསམ་གཏན་རྒྱ་མཚོ། གྲ་བློ་བཟང་བསྟན་འཛིན་གསུམ་གྱི་པར།

ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༧ ཉིན་གྱི་ཐོ་རེངས་བོད་མདོ་སྨད་ཅོ་ནེ་རྫོང་མདོ་ཁོག་ཞང་ཁོངས་སུ་ཡོད་པའི་ཆས་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་ཀྱི་རྒྱ་གཞུང་ཉེན་རྟོག་པ་དང་དམག་མི། ལས་དོན་རུ་ཁག་བཅས་མཉམ་དུ་བཅའ་སྡོད་ཡན་ལག་ལས་ཁུངས་ཀྱི་སྒོ་ཁར། བོད་རིགས་བུ་མོ་སངས་རྒྱས་མཚོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་པའི་རྗེས་སུ། ས་གནས་རྒྱ་གཞུང་གིས་སངས་རྒྱས་ཚོའི་ཁྱོ་ག་རྟ་མགྲིན་དབང་རྒྱལ་དང་ཁོང་མོའི་མིང་པོའི་བུ་གྲྭ་བསྟན་འཛིན་བཟོད་པ་གཉིས་གཙོས། ཆས་པའི་གཤིས་དགོན་པའི་གྲྭ་བསམ་གཏན་རྒྱ་མཚོ་དང་བློ་བཟང་བསྟན་འཛིན། གྲྭ་འཕྲིན་ལས་རྒྱ་མཚོ་བཅས་མི་ ༥ སྔ་ཕྱིར་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་རེད། ད་ལྟའི་ཆར་ཁོང་ཚོ་ཅོ་ནེ་རྫོང་གི་ཉེན་རྟོག་ཁང་ནང་བཀག་བསྐྱིལ་བྱས་ཡོད་འདུག དེ་བཞིན། རྒྱ་གཞུང་གིས་ཆས་པའི་གཤིས་དགོན་གྲོང་ཚང་མར་དམག་མི་དང་ཉེན་རྟོག་པས་བཀག་སྡོམ་ལྟ་རྟོགས་བྱས་ཡོད་པ་མ་ཟད། ས་གནས་ཀྱི་ཁ་པར་དང་གནས་འཕྲིན་དྲ་རྒྱ་སོགས་ལ་བཀག་སྡོམ་ཞིབ་བཤེར་ནན་མོ་བྱེད་བཞིིན་ཡོད་འདུག

ཆས་པའི་གཤིས་སམ་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པ་ནི། རབ་བྱུང་བཅོ་ལྔ་བའི་མེ་ཁྱི་སྟེ་སྤྱི་ལོ་ ༡༨༨༦ ལོར་བླ་མ་དཀར་པོ་སྐུ་ཕྲེང་དང་པོ་ཚྭ་ཀུན་ཧོ་ཐོག་ཐུ་རྗེ་བཙུན་བྱམས་པ་མཐུ་སྟོབས་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོ་མཆོག་གིས། སྔར་ས་ཁུལ་དེ་གར་ཡོད་པའི་རི་ཁྲོད་ཁག་བཅུ་གཉིས་ཡོད་པ་མཉམ་དུ་བསྡུས་ཏེ་དགོན་པ་ཕྱག་བཏང་པ་ཞིག་ཡིན་འདུག ད་ལྟའི་ཆར་དགོན་པར་མཚན་ཉིད་གྲྭ་ཚང་དང་རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་བཅས་གྲྭ་ཚང་བཞི་ཡོད་པ་དང་། མཚན་ཉིད་གྲྭ་ཚང་ལ་འཛིན་གྲྭ་དགུ་ཡོད། དགོན་པར་ཁྱོན་བསྡོམས་གྲྭ་པ་གྲངས་ ༥༠༠ ལྷག་ཡོད་འདུག

དགོན་པ་འདིའི་ལྷ་སྡེ་ཆས་པའི་གཤིས་ཚོ་བའི་ཁོངས་སུ་སྡེ་བ་བརྒྱ་ཆད་དང་ཉིན་པ། སྲིབ་པ། དགའ་ཚལ། སྐེ་རགས། ཡུལ་མཛེས་ཚལ། དགུན་པ། མགོ་ཚང་། ཤིང་ཁམས། གོང་ཇོ་ཐང་ཀ། གོང་ཇོ་གོང་མ། བྲག་རྩ། ལུང་མདོ། ལུང་བུ་ནང་། རྒྱ་ལུ་ཐང་། སྨར་ཚང་། པེ་ཙི་ཐང་། མདོ་ཁོག བྱ་འོག ཕན་ཁྱིམ། ཨ་རྒྱུ་ནང་། སྟག་འགག་བཅས་ཁྱོན་བསྡོམས་ཞིང་འབྲོག་གཉིས་ལྡན་གྱི་སྡེ་པ་ཉེར་གཉིས་ཡོད། དེ་བཞིན། སྔར་སྲོལ་ལྟར་ན་ཆས་པའི་གཤིས་ལ་ཡར་འགག་དང་མར་འགག་གཉིས་སུ་ཕྱེ་སྟེ་དགོན་པའི་སྟོད་རྒྱུད་ཀྱི་མི་སྡེ་ལ་ཡར་འགག་དང་སྨད་རྒྱུད་ཀྱི་མི་སྡེ་ལ་མར་འགག་ཏུ་འབོད་སྲོལ་ཡོད། ད་ལྟའི་ཆར་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་མི་སེར་སྤེལ་བའི་དབང་བསྒྱུར་ས་ཁོངས་ལྟར་ན། ཆས་པའི་གཤིས་ཚོ་བའི་སྡེ་བ་ཉེར་གཉིས་ཚ་ཚང་མདོ་ཁོག་ཞང་དང་ཉིན་པ་ཤང་གཉིས་ཀྱི་ཁོངས་སུ་བསྡུས་ཡོད་པ་རེད།

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …