Friday , September 20 2019
Home / གསར་འགྱུར། / བོད་ནང་ལུགས་མཐུན་སྒོས་ཁེ་ལས་ཚོང་གཉེར་ཡོང་ཐབས་སྐོར་གྱི་ལམ་སྟོན་ཡིག་ཆ།

བོད་ནང་ལུགས་མཐུན་སྒོས་ཁེ་ལས་ཚོང་གཉེར་ཡོང་ཐབས་སྐོར་གྱི་ལམ་སྟོན་ཡིག་ཆ།

10155166_10153402905881678_7733706675774323609_nའདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། ཟླ་འདིའི་ཕྱི་ཚེས་ ༢༩ རེས་གཟའ་ཟླ་བའི་ཉིན། <<བོད་ནང་ལུགས་མཐུན་སྒོས་ཁེ་ལས་ཚོང་གཉེར་ཡོང་ཐབས>> སྐོར་གྱི་ལམ་སྟོན་ཡིག་ཆ་ཞིག་ཀྱང་འགྲེམས་སྤེལ་བྱས་ཡོད། སྤྱིར་བོད་ནང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཚོང་གཉེར་པ་རྣམས་ཀྱིས། སོ་སོའི་དཔལ་འབྱོར་འདུ་འགོད་ཀྱི་ཁེ་ཕན་ཁོ་ནར་དམིགས་ཏེ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཁེ་དབང་སྣང་མེད་བརྡལ་བཤིག་གཏོང་བའི་གནས་སྟངས་ཡོང་བཞིན་ཡོད་སྟབས། དེབ་འདིའི་ནང་དོན་ཚན་ ༣༥ སྒོ་ནས་བོད་མིའི་ཐོབ་ཐང་དང་ཁེ་དབང་བརྩི་སྲུང་ཐོག་ཚོང་གཉེར་བྱ་དགོས་པའི་སྐོར་གསལ་འདོན་བྱས་ཡོད།

<<བོད་ནང་ལུགས་མཐུན་སྒོས་ཁེ་ལས་ཚོང་གཉེར་ཡོང་ཐབས>> སྐོར་གྱི་ལམ་སྟོན་ཡིག་ཆ་འདིས། བོད་ནང་ཚོང་ལས་གཉེར་མཁན་རྣམས་ལ་སྔར་མེད་ཀྱི་དམིགས་བསལ་གོ་བརྡ་གཞན་གང་ཡང་སྟོན་གྱིན་ཡོད་པར། རྒྱ་གཞུང་རང་ཉིད་ཀྱིས་ངོས་འཛིན་ཡོད་པའི་ཁྲིམས་ལུགས་ཁག་གི་གཏན་འབེབས་སྒྲིག་གཞི་བསྐྱར་དུ་གསལ་འདོན་བྱས་ཡོད། ༢༠༡༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོང་ལས་འོས་འགན་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་རྩ་འཛིན་ཡིག་ཆ་འགྲེམས་སྤེལ་བྱས་པ་དེར་རྒྱ་གཞུང་གིས་ཀྱང་མོས་མཐུན་ངོས་འཛིན་ཐོབ་ཡོད་པ་རེད། དེ་བཞིན། ལམ་སྟོན་ཞིག་ཆ་འདིས་གཞི་བཅོལ་ས་ནི་རྒྱ་ནག་གི་ལྕགས་རིགས་བཟོ་ཚོང་སྡེ་ཁག་གིས་ངོས་ལེན་ཡོད་པའི་རང་བྱུང་གཏེར་ཁ་དང་། རྫས་སྦྱོར་ཐོན་དངོས་ཕྱིར་འཚོང་ནང་འདྲེན་སོགས་དང་འབྲེལ་བའི་རྒྱ་ནག་གི་རྒྱལ་ནང་དང་ཕྱི་རྒྱལ་ཚོང་ལས་དོ་དམ་སྐོར་གྱི་གཏན་འབེབས་ཚད་གཞི་གཞིར་བཟུང་ཡོད། རྩ་འཛིན་ཡིག་ཆ་དེ་དག་ནི་རྒྱ་གཞུང་གི་གཞུང་འབྲེལ་ཁྲིམས་ཡིག་ཅིག་ཆགས་ཀྱི་མེད་ནའང་། རྒྱ་གཞུང་གིས་རྒྱ་ནག་ནང་ཚོང་ལས་ཀྱིས་འགྲོ་བ་མིའི་ཁེ་དབང་འགན་སྲུང་རྩ་འཛིན་དེར་ངོས་ལེན་བྱེད་ཀྱིན་ཡོད་པ་རེད།

ལམ་སྟོན་ཡིག་ཆ་འདིས་རྒྱལ་སྤྱིའི་ཚོང་ལས་ཐད་ཀྱི་འགན་སྲུང་ཚད་གཞི་གཞིར་བཟུང་། བོད་ནང་ཚོང་ལས་གཉེར་སྐབས་ས་གནས་བོད་མིའི་ཁེ་དབང་དང་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་སྒོས་ཚོང་ལས་གཉེར་དགོས་པ་གསལ་སྟོན་བྱས་ཡོད། ད་ལྟའི་ཆར་བོད་ནང་རྒྱལ་སྤྱིའི་ཚོང་པ་ཆེན་པོ་དེ་དག་གིས་མ་འཛུགས་ཚོང་གཉེར་གྱི་ལས་གཞི་མང་རུ་འགྲོ་བཞིན་ཡོད་སྟབས། ཁོང་ཚོས་ངོས་ནས་རྒྱལ་སྤྱིའི་ཚོང་གཉེར་འགན་སྲུང་སྒྲིག་གཞི་གཞིར་བཟུང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ས་གནས་བོད་མིའི་ཁེ་དབང་སྲུང་བརྩི་བྱ་དགོས་པ་དེ་གནད་འགག་ཆགས་ཀྱིན་ཡོད། དེ་བས་འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱལ་ཁབ་ཕྱི་ནང་གི་ཚོང་གཉེར་པ་དག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱས་ཏེ། ས་གནས་བོད་མིའི་ཁེ་དབང་དང་ཚོང་གཉེར་པའི་ཁེ་ཕན་དོ་མཉམ་གཉིས་ཕན་ཞིག་ཡོང་བར་རེ་བ་བྱེད་བཞིན་ཡོད།

གློག་རྡུལ་དེབ་གཟུགས་ཕབ་ལེན་དགོས་རིགས་ཀྱིས་འདིར་འཐེབ་གནོན་གྱིས་ཕབ་ལེན་བྱ་ཆོག

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …