Friday , September 20 2019
Home / གསར་འགྱུར། / ༧གོང་ས་མཆོག་དགུང་གྲངས་ ༨༠ འཁྲུངས་སྐར་སྲུང་བརྩི་བྱས་པར་བརྟེན་ནས་བོད་མི་ཞིག་འཇུ་བཟུང་བྱས་པར་བློ་འཚབ་ཡོད།

༧གོང་ས་མཆོག་དགུང་གྲངས་ ༨༠ འཁྲུངས་སྐར་སྲུང་བརྩི་བྱས་པར་བརྟེན་ནས་བོད་མི་ཞིག་འཇུ་བཟུང་བྱས་པར་བློ་འཚབ་ཡོད།

བོད་ནང་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་གྱ་སྟོན་སྲུང་བརྩིའི་རྣམ་པ།
བོད་ནང་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་གྱ་སྟོན་སྲུང་བརྩིའི་རྣམ་པ།

ཕྱི་ཟླ་ ༧ ཚེས་ ༦ ཉིན་ཏེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱ་གཞུང་གིས་བོད་ནང་དུ་བོད་མི་ཚོས་སྐུའི་འཁྲུངས་སྐར་སྲུང་བརྩིའི་འདུ་འཛོམས་བཀག་སྡོམ་དང་། གནས་འཕྲིན་དྲ་རྒྱའི་བརྒྱུད་ལམ་ཁག་ནང་༧གོང་ས་མཆོག་གི་སྐུ་པར་འཇོག་མཁན་རྣམས་འཇུ་བཟུང་བཙན་འཁྲིད་བྱེད་བཞིན་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བོད་མི་ཚེ་རིང་དོན་གྲུབ་ལགས་ཀྱིས་སྐད་འཕྲིན་ནང་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་བཞག་པར་བརྟེན་ནས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། རྒྱ་གཞུང་གིས་བོད་མི་རྣམས་གསང་བའི་སྒོ་ནས་འཇུ་བཟུང་བཙན་འཁྲིད་བྱས་ཐོག ནང་མིར་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་མ་བཅུག་པར་གར་སོང་ཆ་མེད་འགྱུར་བཞིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་དེ་རིགས། ད་ལྟའི་བར་དུ་བོད་ནང་རྒྱུན་མ་ཆད་པར་མུ་མཐུད་བྱུང་དང་འབྱུང་བཞིན་ཡོད།

ཚེ་རིང་དོན་གྲུབ་ལགས་ཀྱིས་སྐད་འཕྲིན་ནང་༧གོང་ས་མཆོག་གི་སྐུ་པར་བཞག་པར་བརྟེན་ནས་འཇུ་བཟུང་བྱས་ཡོད་པ་ལྟར། སྤྱིར་སྐད་འཕྲིན་ནི་རྒྱ་གཞུང་གིས་སྟངས་འཛིན་འོག་ཡོད་པའི་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོགས་ཞིབ་བཤེར་གྱི་ལག་ཆ་གཙོ་བོ་ཞིག་ཆགས་ཡོད། སྐད་འཕྲིན་ནང་བོད་དོན་དང་འབྲེལ་བའི་པར་རིས་དང་གནས་ཚུལ་གཏོང་མཁན་བོད་མི་རྣམས་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་ཁྲིམས་ཐག་ནན་མོ་གཅོད་བཞིན་ཡོད། དེ་བཞིན། ཚེ་རིང་དོན་གྲུབ་ལགས་ཀྱི་ཕ་ཡུལ་བོད་མདོ་སྨད་རེབ་གོང་ཐུན་རིན་རྫོང་ཁོངས་སུ། ཕྱི་ཟླ་ ༦ ཚེས་ ༢༡ ཉིན་གྱི་༧གོང་ས་མཆོག་གི་སྐུའི་གྱ་སྟོན་ཉིན་མོ་སྲུང་བརྩི་བཀག་སྡོམ་བྱས་ཏེ། ས་གནས་མང་ཚོགས་དགོན་པར་མཆོད་མཇལ་དུ་འགྲོ་རྒྱུར་དམ་དྲག་དང་། མང་ཚོགས་ཀྱི་ཁ་པར་ནང་ཞིབ་བཤེར་དང་བཙན་འཕྲོག་སོགས་བྱས་ཡོད་འདུག དམ་དྲག་བཀག་སྡོམ་གྱི་གནས་ཚུལ་དེའི་འོག་བོད་མི་འཇུ་བཟུང་བྱས་པའི་གྲངས་ཀ་ནི། ད་ལྟའི་ཆར་ཤེས་རྟོགས་བྱུང་བའི་ཚེ་རིང་དོན་གྲུབ་ལགས་གཅིག་པུ་ཙམ་མ་ཡིན་པར་གཞན་པའང་ཡོད་ངེས་ལ། དེ་བཞིན། ༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་ནས། བོད་མི་འཇུ་བཟུང་གི་གྲངས་འབོར་མུ་མཐུད་མང་དུ་འགྲོ་སྲིད་པ་རེད།

སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་རྒྱ་གཞུང་གིས་བོད་མིར་བཀག་སྡོམ་དམ་དྲག་བྱེད་བཞིན་པ་དེ་ནི་རྒྱུན་གཏན་གྱི་བྱ་སྤྱོད་ཅིག་ཆགས་ཡོད། དཔེར་ན། ཕྱི་ལོ་ ༢༠༡༣ ལོར་བོད་མདོ་ཁམས་རྟའུ་རྫོང་དུ་ས་གནས་མང་ཚོགས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་བྱས་སྐབས། རྒྱ་གཞུང་གིས་མང་ཚོགས་ཐོག་མེ་མདའ་བརྒྱབས་ཏེ་དྲག་གནོན་ཤུགས་ཆེན་བྱས་ཡོད་པ་དང་། སྐབས་དེར་བོད་མི་དགུ་ལ་མེ་མདའ་ཕོག་སྟེ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། དེའི་ཁྲོད་ནས་ཉ་མཚོ་དགོན་པའི་གྲྭ་བཀྲ་ཤིས་བསོད་ནམས་ལགས་ཀྱི་མགོ་ལ་མེ་མདའ་ཕོག་སྟེ་ཛ་དྲག་གནས་སྟངས་ཆགས་ཡོད་པ་རེད།

བོད་ནང་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩིའི་རྣམ་པ།
བོད་ནང་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩིའི་རྣམ་པ།

སྤྱིར་བོད་དོན་དང་འབྲེལ་བའི་དུས་དྲན་དམིགས་བསལ་ཁག་ལ་བོད་ནང་དམ་དྲག་བྱེད་བཞིན་པ་ཙམ་དུ་མ་ཟད། དྲུག་བཞིའི་དུས་དྲན་གྱིས་མཚོན་པའི་རྒྱ་ནང་གི་དམངས་གཙོ་དང་འབྲེལ་བའི་དུས་དྲན་ཁག་ལའང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། དཔེར་ན། ༢༠༡༤ ལོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རའེ་པེ་ཅིན་དུ་གཟིགས་སྐོར་མ་ཕེབས་པའི་སྔོན་ཙམ་ལ། བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་བཟང་བཙོན་ལྟ་བུར་བཀག་སྡོམ་བྱས་པ་རེད། དེར་མ་ཟད་ ༢༠༡༤ ལོར་དྲུག་བཞིའི་དུས་དྲན་ཉིན་མོ་བསླེབ་ལ་ཉེ་སྐབས། རྒྱ་རིགས་དམངས་གཙོ་དོན་གཉེར་བ་མང་པོ་སྔ་ཕྱིར་འཇུ་བཟུང་དང་། ཐཱེན་ཨན་མཱེན་ཐང་ཆེན་དུ་གསར་འགོད་པ་རྣམས་ཀྱང་ཡོང་མི་ཆོག་པའི་བཙན་བཀའ་བཏང་ཡོད་ལ། སྐབས་དེར་ཁྱོན་བསྡོམས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་མི་ ༦༦ འཇུ་བཟུང་བཀག་ཉར་བྱས་ཡོད། ད་དུང་ལོ་ན་ ༨༡ ལ་སོན་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་པའོ་ཐཱོང་ལགས་པེ་ཅིང་ནས་ཕྱིར་འཕུད་བྱས་ཡོད་པ་རེད། དེ་བཞིན། གྷོ་གྷོལ་(google)འཚོལ་བཤེར་མ་ལག་སྒོ་བརྒྱབ་པ་སོགས་དྲ་རྒྱའི་བརྒྱུད་ལམ་ཁག་ལའང་བཀག་སྡོམ་ནན་མོ་བྱས་ཡོད།

དེར་མཚུངས་བོད་ནང་དུའང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་ནས། བོད་མི་ཚོར་དམ་དྲག་བཀག་སྡོམ་ཤུགས་ཆེན་པོ་བཞིན་ཡོད་པ་རེད། དཔེར་ན། ཚེ་རིང་དོན་གྲུབ་གྱིས་དྲ་ལམ་དུ་༧གོང་ས་མཆོག་གི་སྐུ་པར་བཞག་པར་བརྟེན་ནས་འཇུ་བཟུང་བྱས་པ་དང་། ཁྱོན་ཡོངས་ནས་མང་ཚོགས་ཀྱི་འདུ་འཛོམས་བཀག་སྡོམ། དེ་བཞིན། ས་གནས་ཁག་ཏུ་ཉེན་རྟོག་པ་དང་དམག་མི་མང་པོ་རླངས་འཁོར་ནང་བསྐྱེལ་འདྲེན་འགྲེམས་འཇོག་བྱས་ཏེ། བོད་མི་མང་ཚོགས་ལ་སྔར་བས་བཀག་སྡོམ་ནན་བྱེད་བཞིན་ཡོད། དེར་བརྟེན། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བསླེབ་ལ་ཉེ་སྐབས་དང་བསྟུན་ནས། རྒྱ་གཞུང་གིས་བོད་ནང་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པའི་བྱ་སྤྱོད་དེར། འདི་ག་ལས་ཁུངས་ཀྱི་ངོས་ནས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་ལ། རྒྱ་གཞུང་གིས་བོད་མི་རྣམས་ཀྱི་འདུ་འཛོམས་དང་སྨྲ་བརྗོད། བསམ་བློ་བཅས་ཀྱི་རང་དབང་དང་། བོད་མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་བཅས་ལ་བརྩི་སྲུང་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …