Thursday , July 18 2019
Home / གསར་འགྱུར། / གྲྭ་དགེ་འདུན་རྒྱ་མཚོ་ལགས་ལ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་འདུག

གྲྭ་དགེ་འདུན་རྒྱ་མཚོ་ལགས་ལ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་འདུག

རྒྱ་གཞུང་གིས་གྲྭ་དགེ་འདུན་རྒྱ་མཚོ་ལགས་ལ་མི་གསོད་ཀྱི་ཉེས་མིང་བཀལ་ཏེ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ཁོང་གིས་རྒྱ་གཞུང་གི་ནག་ཉེས་དེ་ངོས་ལེན་གནང་མེད་པ་རེད། དེ་བཞིན། ད་ལྟའི་ཆར་རང་ལུས་མེར་བསྲེགས་གནང་མཁན་བོད་མི་གཟུངས་འདུས་སྐྱབས་ལགས་འཚོ་བཞུགས་ཡོད་མེད་ཀྱང་གསལ་བོ་ཤེས་རྟོགས་ཐུབ་ཀྱིན་མེད་པ་རེད།

བསམ་བཞིན་མི་བསད་པའི་ཉེས་འཛུགས་འོག་ལོ་ ༦ ཁྲིམས་ཐག་བཅད་པའི་གྲྭ་དགེ་འདུན་རྒྱ་མཚོ་ལགས།
བསམ་བཞིན་མི་བསད་པའི་ཉེས་འཛུགས་འོག་ལོ་ ༦ ཁྲིམས་ཐག་བཅད་པའི་གྲྭ་དགེ་འདུན་རྒྱ་མཚོ་ལགས།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༡ ཉིན། བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས། བླ་བྲང་འབོ་ར་དགོན་པའི་གྲྭ་དགེ་འདུན་རྒྱ་མཚོ་ལགས་སུ། ༼བསམ་བཞིན་མི་བསད་པ༽ཉེས་མིང་འོག་ལོ་ ༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

རྒྱ་གཞུང་གིས་འབོ་ར་ས་ཁུལ་གྱི་བོད་མི་གཟུངས་འདུས་སྐྱབས་ལགས་ཀྱིར་རང་ལུས་མེར་བསྲེགས་གཏོང་དུས།   ཉེན་རྟོག་པས་མེ་གསོད་ཐབས་བྱ་སྐབས་གྲྭ་དགེ་འདུན་རྒྱ་མཚོ་སོགས་ཀྱིས་མེ་གསོད་མ་བཅུག་པར་ཁ་གཡར་བའི་ཐོག་ནས།  རྒྱ་གཞུང་གི་ཉེས་ཁྲིམས་དོན་ཚན་ ༢༣༢ པའི་འབྲི་དོན་ལྟར།  བསམ་བཞིན་མི་བསད་པའི་ནག་ཉེས་བཀལ་ཏེ་ཁྲིམས་ཐག་བཅད་པ་རེད། ཁྲིམས་ཐག་གཅོད་པའི་ཉིན་མོ་དེར་རྒྱ་གཞུང་གིས་ཁོང་གི་འབྲེལ་ཡོད་ནང་མི་ ༤ སྐད་བཏང་ཡོད་འདུག་ལ།  སྐབས་དེར་གྲྭ་དགེ་འདུན་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་གིས་ཉེས་འཛུགས་དེ་དག་ངོས་ལེན་བྱས་མེད་པ་རེད།

དེ་ཡང་།  ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢ ཉིན།  རྒྱ་གཞུང་གིས་བོད་ས་བཅད་ཀྱི་དབང་སྒྱུར་ས་ཁོངས་ལྟར་བྱས་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་ཞང་། རྡར་མདོ་སྡེ་བའི་རང་ལོ་ ༡༧ ཡིན་པའི་གཟུངས་འདུས་སྐྱབས་ལགས་ཀྱི་འབོ་ར་ས་ཆའི་གཞུང་ལམ་གྱི་སྟེང་རང་ལུས་མེར་བསྲེགས་གནང་ཡོད་ལ།  སྐབས་དེར་ས་གནས་མང་ཚོགས་དང་གྲྭ་བཙུན་དག་གིས་མཐོང་སྟེ།  རང་བསྲེགས་གཏོང་ས་དེར་འདུ་འཛོམས་ཀྱིས་སྐུ་ཕུང་སྲུང་སྐྱོབ་ཆེད།  རྒྱ་གཞུང་ཉེན་རྟོག་དམག་མི་དང་མང་ཚོགས་བར་རྩོད་རྙོག་ཤོར་ཡོད་པ་རེད།

ཕྱི་ཉིན་ཚེས་ ༣ ཉིན་ཨ་མཆོག་ས་གནས་ཉེན་རྟོག་པ་དང་འབོ་ར་ཞང་སྲིད་གཞུང་གི་ལས་བྱེད་མཉམ་འབྲེལ་ཐོག་དགོན་པར་ཡོང་སྟེ།  གྲྭ་དགེ་འདུན་རྒྱ་མཚོ་དང་བློ་བཟང་འཕགས་པ། འཇམ་དབྱངས་བཟོད་པ། འཇམ་དབྱངས་བློ་གྲོས། འཇམ་དབྱངས་རྒྱ་མཚོ་བཅས་གྲྭ་པ་ ༥ རང་ཤག་ནས་འཇུ་བཟུང་གིས།   འབོ་ར་ཞང་སྲིད་གཞུང་དུ་བཙན་ཁྲིད་བྱས་པའི་རྗེས་སུ།  དུས་ཡུན་རིང་པོའི་ནང་གར་སོང་ཆ་མེད་དུ་གྱུར་ཏེ་ཁོང་ཚོའི་གནས་སྟངས་གང་ཡང་ཤེས་རྟོགས་མི་ཐུབ་པ་ཆགས་ཡོད་པ་རེད།

ཉེ་ཆར་གྲྭ་དགེ་འདུན་རྒྱ་མཚོར་ལོ་ ༦  གི་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་བྱུང་པ་ལས་གཞན།  དེ་འཕྲོས་ཀྱི་གྲྭ་ ༤ ཁྲོད་ནས་གྲྭ་འཇམ་དབྱངས་བཟོད་པ་ཟླ་ལྔ་ཙམ་རིང་བཀག་ཉར་རྗེས་གློད་ཡོད་འདུག ས་གནས་མང་ཚོགས་ཀྱིས་གནས་ཚུལ་བརྗོད་པ་ལྟར་ན།  གཞན་པའི་གྲྭ་གསུམ་ཡང་ཡུན་རིང་བཀག་ཉར་མནར་གཅོད་བཏང་མཐར་སྔ་ཕྱིར་གློད་ཡོད་པར་བཤད། ཡིན་ནའང་།  རྒྱ་གཞུང་གིས་བོད་ནང་གི་བརྒྱུད་ལམ་ཁག་ལ་བཀག་སྡོམ་ནན་མོ་བྱས་ཡོད་སྟབས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཁག་པོ་ཆགས་འདུག

བོད་མི་གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་སེར་སྤེལ་བའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་རྗེས།  རྒྱ་གཞུང་ཉེན་རྟོག་མི་སྣས་དང་ཐོག་ཁོང་ཀན་ལྷོ་གཙོའི་གྲོང་ཁྱེར་གྱི་སྨན་ཁང་ཞིག་ནང་ཁྲིད་ཡོད་པ་དང་།  དེ་རྗེས་ལན་ཀྲུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ནང་ཁྱེར་ཡོད་འདུག  རྗེས་སུ་ཉེན་རྟོག་པས་ཁོང་གི་ཕ་མ་གཉིས་འབོད་འགུགས་བྱས་ཏེ།  གཟུངས་འདུས་སྐྱབས་གསོན་པོར་འཚོ་ཆེད་ཁོང་གི་རྐང་པ་གཉིས་གཅོད་དགོས་ཀྱི་ཡོད་པ་དང་།  དེའི་ཐད་ཕ་མ་གཉིས་ཀྱིས་མིང་རྟགས་འགོད་དགོས་པར་བརྗོད་དེ་ཁྲིད་ཡོད་ཀྱང་།  སྐབས་དེར་ཕ་མ་གཉིས་གཟུངས་འདུས་སྐྱབས་ལ་དངོས་སུ་ཐུག་འཕྲད་བྱེད་མ་བཅུག་པར།  སྨན་ཁང་གི་ཤེལ་སྒོའི་ཕྱི་ལོགས་ནས་ལྟ་རུ་བཅུག་ཡོད་སྟབས།  སྐབས་དེའི་ཁོང་གི་གཟུགས་པོའི་དངོས་ཡོད་གནས་སྟངས་གསལ་བོ་རྟོགས་ཐུབ་མེད་པ་རེད།

བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བའི་གྲྭ་དགེ་འདུན་རྒྱ་མཚོ་ལགས་ཉེས་འཛུགས་ཁྲིམས་ཐག་བཅད་པའི་དཔང་ཡིག
བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བའི་གྲྭ་དགེ་འདུན་རྒྱ་མཚོ་ལགས་ཉེས་འཛུགས་ཁྲིམས་ཐག་བཅད་པའི་དཔང་ཡིག

དེ་ལྟར།  གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས། ད་ལྟའི་བར་ཤི་གསོན་གྱི་གནས་ཚུལ་གསལ་རྟོགས་མ་ཐུབ་མེད་པ་ལྟར། ཉེ་ཆར་རྒྱ་གཞུང་གིས་གྲྭ་དགེ་འདུན་རྒྱ་མཚོར་༼བསམ་བཞིན་མི་བསད་པའི༽ ཉེས་འཛུགས་འོག་ཁྲིམས་ཐག་བཅད་ཡོད་དེ་ཡིས།   རང་བསྲེགས་གནང་མཁན་གཟུངས་འདུས་སྐྱབས་ལགས་ད་ལྟ་འདས་གྲོངས་ཕྱིན་ཡོད་མེད་དེ་དོགས་གནས་ཞིག་ཆགས་ཡོད་ལ། གལ་སྲིད་གཟུངས་འདུས་སྐྱབས་ལགས་སྐུ་འཚོ་བཞུགས་ཡོད་ཚེ།  གང་འདོད་དུ་༼བསམ་བཞིན་མི་བསད་པའི༽ནག་ཉེས་ཤིག་བཙུགས་ཏེ་ཁྲིམས་ཐག་ལྕི་མོ་བཅད་པ་དེ་ནི།  རྩ་བའི་རྒྱ་གཞུང་རང་ཉིད་ཀྱི་ཁྲིམས་དང་འགལ་བའི་ཐོག་ནས།  བོད་མིར་གང་འདོད་ཁྲིམས་ཆད་ཀྱི་ཐད་སྤྱོད་ཅིག་ཆགས་ཡོད་པ་རེད།

རྒྱ་གཞུང་གིས་བོད་མི་ཐོག་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྤེལ་གྱིན་ཡོད་པ་ལྟར། གྲྭ་དགེ་འདུན་རྒྱ་མཚོ་ལགས་འཇུ་བཟུང་རྗེས་ལོ་གཅིག་ལྷག་གི་རིང་ལ་བཀག་ཉར་བྱས་པ་མ་ཟད།  ཁོང་གིས་རྒྱ་གཞུང་གིས་ཉེས་འཛུགས་ཁྲིམས་ཆད་དེ་ངོ་ལེན་བྱས་མེད་སྟབས།    ཉེ་ཆར་ཁོང་ལ་ཁྲིམས་ཐག་གཅོད་སྐབས་སོ་སོ་སྒེར་ངོས་ནས་ཁྲིམས་རྩོད་པ་འཚོལ་བའི་ཐོབ་ཐང་དང་། ཁྲིམས་ཐག་བཅད་རྗེས་བསྐྱར་དུ་ཁྲིམས་གཏུགས་བྱ་ཆོག་པའི་ཐོབ་ཐང་སོགས་ཁྲིམས་ཐོག་གི་སྲུང་སྐྱོབ་ཁེ་དབང་རིགས་སྤྲད་ཡོད་མེད་དང་། ཁོང་གི་ངོས་ནས་ཁྲིམས་ཁང་རིམ་པ་གོང་མར་བསྐྱར་དུ་ཁྲིམས་གཏུགས་ཀྱི་རེ་འདུན་བཏོན་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག

གྲྭ་དགེ་འདུན་རྒྱ་མཚོ་ལགས་ནི་ད་ལྟ་རང་ལོ་ ༤༨ ཡིན་པ་དང་།  རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་དབང་སྒྱུར་ས་ཁོངས་ལྟར་བྱས་ན།  ཀན་སུའུ་ཞིིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་ཞང་། ལྷ་འབུམ་ཐང་རི་འགབ་མ་ནས་ཡིན་པ་དང་།  ཁོང་གི་ཨ་མའི་མིང་ལ་བསོད་ནམས་འཚོ་འབོད་ཀྱི་ཡོད་འདུག

Check Also

འདི་ག་ལྟེ་གནས་ཁང་ལ་འདྲ་པར་ཞིག་འབྱོར་བ་དང་དེ་ནི་རང་སྲེག་ཞི་རྒོལ་གནང་མཁན་རྡོ་རྗེ་ཡི་སྐུ་པར་ཡིན་ཞིང་ཁོང་གིས་ཕྱི་ལོ་༢༠༡༢ ལོར་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་རང་སྲེག་ཞི་རྒོལ་གནང་སྟེ་སྐུ་གྲོངས་ཡོད་པ་རེད།

རྒྱ་གཞུང་གིས་བོད་ནང་གི་རང་སྲེག་ཞི་རྒོལ་རིགས་ཚང་མ་ཁྲིམས་འགལ་ནག་ཉེས་ཀྱི་ངོ་བོར་བསྒྱུར་ཏེ་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་ཤུགས་ཆེར་བཏང་བའི་རྐྱེན་གྱིས་ད་བར་དུ་རྡོ་རྗེ་ཡི་སྐུ་པར་ལག་སོན་བྱུང་ཐུབ་མེད། རྒྱ་གཞུང་གིས་བོད་ནང་གི་རང་སྲེག་ཞི་རྒོལ་གྱི་གནས་ཚུལ་དང་འདྲ་པར་ཕྱི་ཕྱོགས་སུ་གཏོང་མཁན་བོད་མི་མང་པོར་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་དང་ཁྲིམས་འགལ་གྱི་ཕྱི་ཕྱོགས་སུ་འབྲེལ་གཏུག་བྱས་ལུགས་ཀྱི་ནག་ཉེས་བཙན་འགེལ་གྱིས་ཁྲིམས་འགལ་བཙོན་འཇུག་བྱས་ཡོད། རང་ལོ་༡༨ ཡིན་པའི་རྡོ་རྗེ་ཡིས་ཕྱི་ལོ་༢༠༡༢ ཟླ་༣ ཚེས་༥ ཉིན་གྱི་བོད་ནང་གི་ཆུ་ཚོད་༦།༣༠ ཙམ་ལ་གཅའ་ཡུལ་ཚོའི་ཉེ་འགྲམ་གྱི་ཟམ་ཁ་ཞིག་ནས་གཅའ་ཞང་ཐོག་གི་རྒྱ་མིའི་ལས་ཁུངས་ཡོད་སའི་བར་དུ་རང་སྲེག་གོམ་བགྲོད་གནང་ནས་སྐུ་གྲོངས་ཡོད་པ་དང་། ཁོང་གིས་རང་སྲེག་གནང་དོན་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཞི་རྒོལ་གནང་བ་ཡིན་འདུག གནས་ཚུལ་ལྟར་ན། ཉེ་འཁོར་གྱི་བོད་མི་རྣམས་ཀྱིས་སྐུ་ཕུང་འཁྱེར་བརྩིས་བྱས་སྐབས། ཉེན་རྟོག་པ་སླེབས་ནས་ཁོང་གི་སྐུ་ཕུང་བཙན་འཕྲོག་གིས་རྔ་བ་རྫོང་ཐོག་ཏུ་ཁྱེར་ཡོད་པ་དང་། ཕྱིས་སུ་ཁོང་གི་ནང་མི་ཚོར་གདུང་ཐལ་ཡིན་ཟེར་ནས་རུས་ཐལ་ཙམ་སྤྲད་འདུག དེ་ཡང་རྒྱ་གཞུང་གིས་ཕྱི་ལོ་༢༠༡༡ ཟླ་༣ …