Monday , June 17 2019
Home / གསར་འགྱུར། / འབྲི་རུ་རྫོང་དུ་འཇུ་བཟུང་བཀག་ཉར་ཀྱི་གནས་ཚུལ་མུ་མཐུད་འབྱུང་བཞིན་འདུག

འབྲི་རུ་རྫོང་དུ་འཇུ་བཟུང་བཀག་ཉར་ཀྱི་གནས་ཚུལ་མུ་མཐུད་འབྱུང་བཞིན་འདུག

འདི་ལོ་རྒྱ་གཞུང་གིས་འབྲི་རུ་རྫོང་ནི་བོད་རང་སྐྱོང་ལྗོངས་ཡོངས་སུ་དམར་ཤོག་ལམ་ཕྱོགས་སློབ་གསོ་སྤེལ་མགོ་རྩོམ་སའི་ས་ཁུལ་ཐོག་མ་ཡིན་པར་བསྒྲགས་ཏེ།  དྲག་གནོན་བཀག་སྡོམ་གྱི་སྲིད་ཇུས་སྤེལ་བའི་རྐྱེན་གྱིས་མང་ཚོགས་རང་བཞིན་གྱི་ངོ་རྒོལ་རིམ་བྱུང་ཡོད་ལ། དེ་ལ་བརྟེན་ནས་རྒྱ་གཞུང་གིས་བོད་མི་མང་པོ་འཇུ་བཟུང་བཙན་འཁྲིད་བྱེད་བཞིན་པ་ལྟར།  ཉེ་ཆར་ཡང་འབྲི་རུ་རྫོང་ཁོངས་སུ་བོད་ཁག་ཅིག་འཇུ་བཟུང་བཙན་འཁྲིད་བྱས་འདུག

 

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༨ ཉིན། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཚྭ་ཆུ་ཤང་རྔ་གཡང་གྲོང་ནས་ཡིན་པའི་བློ་བཟང་ཆོས་དབྱིངས་དང་དཀོན་མཆོག་ཆོས་འཕེལ་གཉིས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་།  བློ་བཟང་ཆོས་དབྱིངས་ནི་ས་གནས་མང་ཚོགས་ལ་བྱིས་པ་རྣམས་རྒྱ་གཞུང་གི་སློབ་གྲྭར་བསྐྱོད་འཇུག་གི་མིན་སྐོར་ངལ་སྐུལ་བྱེད་མཁན་གཙོ་བོ་ཡིན་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཡོད་པ་དང་།  དཀོན་མཆོག་ཆོས་འཕེལ་ནི་ཁ་པར་བརྒྱུད་ཕྱི་ལོག་ཏུ་འབྲེལ་བ་བྱས་ཡོད་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཡོད་འདུག

 

གཞན་ཡང་།  ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤ པའི་ཐོག   རང་ལོ་ ༣༢ ཡིན་པའི་དཔལ་མོ་ཟེར་བ་ཞིག་འབྲི་རུ་རྫོང་ཐོག་ནས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་།  ཁོ་མོ་ནི་འབྲི་རུ་རྫོང་བོམ་ཕན་ཡུལ་ཚོ་དགོན་ཤུལ་གྲོང་ཚོ་ནས་ཡིན་འདུག ཁོ་མོ་འཇུ་བཟུང་བྱེད་དགོས་པའི་རྐྱེན་གང་ཡིན་ཁ་གསལ་མི་འདུག  ད་ལྟའི་ཆར་ས་གནས་བཙོན་ཁང་དུ་བཀག་ཉར་འདྲི་རྩད་རྡུང་འོག་ཡོད་པ་རེད།

 

དེ་བཞིན།  ཕྱི་ལོ་ ༢༠༡༣ ཟླ་༡༡ ཚེས་༣ དང་༤  ཉིན་གཉིས་ནང་། འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་བོད་མི་ ༡༥ འཇུ་བཟུང་བྱས་ཡོད་པའི་གྲས་ནས།  ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་མི་གསུམ་གཏོགས་གཞན་རྣམས་གློད་ཡོད་འདུག

 

མུ་མཐུད་འཇུ་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་གསུམ་པོ་ནི།  རང་ལོ་ ༤༩ ཡིན་པའི་བུད་མེད་གསར་སྐྱིད་དང་།  རང་ལོ་ ༤༧ ཡིན་པའི་བུད་མེད་མཚོ་ཕན། རང་ལོ་ ༤༡ ཡིན་པའི་སྐྱེས་པ་དགའ་སྦུག་བཅས་ཡིན་ལ།  ད་ལྟའི་ཆར་ཁོང་གསུམ་ས་གནས་གཞན་ཞིག་ཏུ་བཙན་ཁྲིད་བྱས་ཡོད་འདུག  གློད་བཀྲོལ་བཏང་ཟིན་པའི་བོད་མི་དེ་དག་ལའང་།  རྒྱ་གཞུང་གིས་མི་རེར་ཆད་པ་རྒྱ་སྒོར་ ༡༠༠༠ ནས་ ༡༨༠༠ བར་བཅད་ཡོད་པ་མ་ཟད།  རྗེས་ཕྱོགས་གནས་ཚུལ་གང་ཡང་ལྷག་མི་ཆོག་པའི་ཁས་ལེན་དང་མཛུབ་ཐེལ་ནན་བཅུག་རྗེས་གློད་ཡོད་པ་རེད།

 

ད་དུང་།  ཕྱི་ཟླ་ ༡༡ ཚེས་ ༡༢ ཡས་མས་ཤིག་ལ།  བོམ་ཕན་ཡུལ་ཚོའི་སྟེང་མཁར་གྲོང་ཚོའི་རང་ལོ་ ༢༡  ཙམ་ཡིན་པའི་ཚེ་རིང་རྒྱལ་མཚན་ཡང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་།  བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་འདྲི་གཅོད་བྱས་རྗེས།  རྒྱ་སྒོར་ ༡༠༠༠ ཆད་པ་བཅད་ནས་གློད་ཡོད་འདུག

 

ཉེ་ཆར་ཕྱི་ཟླ་ ༩ ནས་བཟུང་རྒྱ་གཞུང་གིས་འབྲི་རུ་རྫོང་དུ་ལས་བྱེད་ ༡༨༠༠༠ ལྷག་བཏང་ནས། དམར་ཤོག་པའི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ཆབ་སྲིད་ལས་འགུལ་སྤེལ་ཏེ། དྲག་གནོན་དམ་དྲག་སྔར་ལྷག་བྱས་རྐྱེན་མང་ཚོགས་རང་བཞིན་གྱི་ཞི་བའི་ངོ་རྒོལ་རིམ་པར་བྱུང་རྗེས།  རྒྱ་གཞུང་གིས་ས་གནས་མང་ཚོགས་རྣམས་གང་བྱུང་འཇུ་བཟུང་བཀག་ཉར་བྱེད་ཀྱིན་ཡོད་པ་རེད།  ས་གནས་མང་ཚོགས་ཀྱིས་བརྗོད་དོན་ལྟར་ན། ད་སྐབས་ཕ་ཡུལ་འབྲི་རུའི་སྟོད་སྨད་གང་སར་བོད་མི་ཤེས་ཡོན་ཅན་དང་ལར་ཞེན་མང་པོ་འཛིན་བཟུང་བྱེད་བཞིན་ཡོད་པ་མ་ཟད།  མདོ་སྨད་ཕྱོགས་སུ་སློབ་གཉེར་གནང་བཞིན་པ་རྣམས་ངེས་པར་དུ་ཕྱིར་ཡོང་དགོས་ཟེར་ནས་བཙན་ཤུགས་ཀྱིས་བསྐོང་འགུགས་བྱེད་བཞིན་ཡོད་འདུག   ཡིན་ནའང་། དྲ་ལམ་དང་ཁ་པར་སོགས་བརྒྱུད་ལམ་མཐའ་དག་ལ་དམ་དྲག་ཤུགས་ཆེན་བྱས་ཡོད་སྟབས། བོད་མི་མང་པོ་འཇུ་བཟུང་གི་གནས་ཚུལ་དག་ཤེས་རྟོགས་ཐུབ་ཁག་པོ་ཆགས་ཀྱི་ཡོད་པ་རེད།

 

Check Also

བོད་ཀྱི་ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོས་ཞི་རྒོལ་གནང་བར་ལོ་༡༨ དང་བཟའ་ཟླ་དགའ་སྐྱིད་ཀྱིས་བརྙན་ཐུང་བླངས་པར་ལོ་༢ ཀྱི་ཁྲིམས་ཐག་བཅད་འདུག  

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་ས་བཅད་བཟུང་ལྟར་བྱས་ན། ཁམས་ནག་ཆུ་ས་ཁུལ་གྱི་སོག་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་དང་ཁོང་གི་བཟའ་ཟླ་དགའ་གཉིས་ས་གནས་གང་དུ་བཀག་ཉར་གཙོན་འཇུག་དང་། གནས་སྟངས་ཅི་འདྲ་ཡིན་པ། ལྷག་པར་དུ་རྒྱ་གཞུང་གིས་ཁོང་གཉིས་ལ་མི་ལོ་༡༨ དང་མི་ལོ་༢ བཅས་ཀྱི་གསང་བའི་ཁྲིམས་ཐག་བཅད་པར་སེམས་ཁྲལ་བྱེད་བཞིན་ཡོད། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་༢༠༡༨ ལོར་ད་ལྟ་རང་ལོ་༥༧ ཡིན་པའི་བློ་གྲོས་རྒྱ་མཚོ་དང་བཟའ་ཟླ་དགའ་སྐྱིད་གཉིས་ལ་གསང་བའི་ཐོག་ནས་ཁྲིམས་ཆད་བཅད་ཡོད་པ་དང་། དེ་ཡང་བློ་གྲོས་རྒྱ་མཚོས་ཕོ་བྲང་པོ་ཏ་ལའི་མདུན་དུ་དམར་ཤོག་སྲིད་གཞུང་ལ་ཁེར་རྐྱང་ཞི་རྒོལ་གནང་སྐབས། རྒྱ་གཞུང་གིས་ཁོང་གང་བྱུང་བཀར་ཉར་བྱས་ཡོད། འདི་ག་ལྟེ་གནས་ཁང་གི་ཐེངས་སྔོན་མའི་གནས་ཚུལ་ནང་དུ། ཕྱི་ལོ་༢༠༡༨ ཟླ་༡ …