Friday , September 20 2019
Home / གསར་འགྱུར། / འབྲི་རུ་རྫོང་དུ་བོད་མི་ ༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

འབྲི་རུ་རྫོང་དུ་བོད་མི་ ༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

འདི་ལོའི་ཕྱི་ཟླ་དགུ་བ་ནས་བཟུང་རྒྱ་གཞུང་གིས་འབྲི་རུ་རྫོང་དུ། དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ཞེས་པའི་དྲག་གནོན་སྲིད་ཇུས་སྤེལ་ཏེ། བོད་མི་མང་པོ་སྔ་ཕྱིར་འཇུ་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བཞིན་ཡོད་པ་ལྟར། ཉེ་ཆར་བོད་མི་ཁག་ཅིག་ལ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་འབྲི་རུ་རྫོང་ཁོངས་ཀྱི་བོད་མི་ ༩ ལ་ལོ་ཚད་མི་འདྲ་བའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག དེ་དག་གི་ཁྲོད་ནས་གྲྭ་དཀོན་མཆོག་ཆོས་འཕེལ་དང་། མི་སྐྱ་སྟོབས་ལྡན་དང་བསྟན་འཛིན་རང་གྲོལ་གསུམ་མ་གཏོགས། གཞན་པའི་བོད་མི་དེ་དག་གི་མིང་དང་ཁྲིམས་བཅད་དུས་ཡུན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག

རྒྱ་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་བསྟན་འཛིན་རང་གྲོལ་ལགས།
རྒྱ་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་བསྟན་འཛིན་རང་གྲོལ་ལགས།
བསྟན་འཛིན་རང་གྲོལ་ལགས་ནི་ད་ལྟ་རང་ལོ་ ༣༤ ཡིན་ལ། འདི་ལོ་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་གྱི་ཞོགས་པར་བུ་ཕྲུག་སློབ་གྲྭར་བསྐྱལ་ཏེ་ཕྱིར་ལོག་པའི་ལམ་བར་ནས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་ལ།
ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཁོང་ལ་ཏཱ་ལའི་རུ་ཚོགས་ལ་ངན་འབྲེལ་དང་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག ལོ་ ༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། བསྟན་འཛིན་རང་གྲོལ་ལགས་ནི། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་གྲོང་ཚོ་བཞི་པའི་ཡིན་པ་དང་། ཁོང་གི་བཟའ་ཟླ་མིང་ལ་ཚེ་རིང་པད་འཛོམས་དང་རང་ལོ་ ༢༦ ཡིན་ལ། ཁོང་གཉིས་ལ་བུ་ཕྲུག་གསུམ་ཡོད་པ་རེད། ཁྱིམ་ཚང་གི་འཚོ་རྟེན་གཙོ་བོ་ནི་སྒེར་གཉེར་ཚོང་ལས་ལ་བརྟེན་གྱི་ཡོད་འདུག ཁོང་གི་ཕའི་མིང་ལ་ཞོ་དར་དང་མའི་མིང་གཡང་སྒྲོན་ཟེར་གྱི་ཡོད་འདུག

རྒྱ་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སྟོབས་ལྡན་ལགས།
རྒྱ་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སྟོབས་ལྡན་ལགས།

སྟོབས་ལྡན་ལགས་ནི་ད་ལྟ་རང་ལོ་ ༣༠ ཡིན་ལ། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་དང་། ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཏཱ་ལའི་རུ་ཚོགས་ལ་ངན་འབྲེལ་དང་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག ལོ་ ༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། སྟོབས་ལྡན་ལགས་ནི། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྲོང་ཚོ་བཞི་བའི་ཡིན་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་ཟླ་དཀར་ཟེར་ལ། ཁོང་བཟའ་མི་གཉིས་ལ་བུ་ཕྲུག་གསུམ་ཡོད་འདུག

རྒྱ་གཞུང་གིས་ལོ་དྲུག་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གྲྭ་དཀོན་མཆོག་ཆོས་འཕེལ་ལགས།
རྒྱ་གཞུང་གིས་ལོ་དྲུག་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གྲྭ་དཀོན་མཆོག་ཆོས་འཕེལ་ལགས།
གྲྭ་དཀོན་མཆོག་ཆོས་འཕེལ་ལགས་ནི་ད་ལྟ་རང་ལོ་ ༢༨ ཡིན་ལ། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་དང་། ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཏཱ་ལའི་རུ་ཚོགས་ལ་ངན་འབྲེལ་དང་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག ལོ་ ༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། གྲྭ་དཀོན་མཆོག་ཆོས་འཕེལ་ལགས་ནི། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཤག་ཆུ་ཤང་གྲོང་ཚོ་བཞི་བ་ནས་ཡིན་པ་རེད། ཁོང་གི་ཕའི་མིང་ལ་གཡང་འབས་ཟེར་ལ། ཁོང་འབྲང་སྣ་དགོན་པ་གྲྭ་བ་ཡིན་པ་རེད།

གཞན་ཡང་། ཕྱི་ཟླ་ ༩ ཚེས་ ༢༣ ཉིན་གྱི་བོད་ནང་དུས་ཚོད་ ༤ ཡས་མས་ཙམ་ལ། རབས་བརྟན་དགོན་པའི་གྲྭ་བློ་བཟང་བཀྲ་ཤིས་ཟེར་བ་ཞིག སྔགས་རྒྱུན་གྱི་མཚམས་ལ་བཞུགས་ཏེ་སྡོད་སྐབས། གློ་བུར་དུ་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་དང་། ཁོང་གི་ཁ་པར་དང་གློག་ཀླད་སོགས་བཙན་འཕྲོག་བྱས་འདུག

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། གྲྭ་བློ་བཟང་བཀྲ་ཤིས་ལགས་ནི། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ལྟག་ཐང་ཤང་གྲོང་ཚོ་བརྒྱད་པ་ནས་ཡིན་པ་རེད། ཁོང་འཇུ་བཟུང་བཙན་འཁྲིད་རྗེས་རྒྱ་གཞུང་གིས་ནང་མི་ཉེ་འབྲེལ་སུ་གང་ཡང་ཐུག་འཕྲད་བྱེད་བཅུགས་མེད་སྟབས། ད་ལྟའི་ཆར་ཁོང་གར་ཡོད་གང་ཁྲིད་གནས་ཚུལ་གང་ཡང་ཤེས་ཐུབ་ཀྱི་མེད་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་རྒྱུན་ལས་དྲུང་ཆེ་ཝུ་ཡུན་ཇའེ་ཡིས་ཆབ་སྲིད་དམ་དྲག་གི་དྲིལ་སྒྲོག་ལས་འགུལ་སྤེལ་བཞིན་པ།
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་རྒྱུན་ལས་དྲུང་ཆེ་ཝུ་ཡུན་ཇའེ་ཡིས་ཆབ་སྲིད་དམ་དྲག་གི་དྲིལ་སྒྲོག་ལས་འགུལ་སྤེལ་བཞིན་པ།

འདི་ལོའི་ཕྱི་ཟླ་དགུ་བ་ནས་བཟུང་འབྲི་རུ་རྫོང་ཁོངས་སུ། ས་གནས་རྒྱ་གཞུང་གིས་དམག་མི་དང་ཉེན་རྟོག་པ། ལས་བྱེད་སོགས་མི་གྲངས་ཁྲི་སྟོང་མང་པོ་འགྲེམས་གཏོང་བྱས་ཏེ། དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ཞེས་པའི་དྲག་གནོན་གྱི་སྲིད་ཇུས་སྤེལ་མགོ་བརྩམས་ཡོད། བོད་རང་སྐྱོང་ལྗོངས་དམར་ཤོག་རྒྱུན་ལས་དྲུང་ཆེ་ཝུ་ཡུན་ཇའེ་ལས་འགུལ་དེར་སྣེ་འཁྲིད་ཀྱི་འགན་གཙོ་བོ་འཁྱེར་གྱིན་ཡོད་པ་ལྟར། ཉེ་ཆར་ཁོང་སླར་ཡང་འབྲི་རུ་རྫོང་དུ་ཡོང་སྟེ་དམར་ཤོག་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྲིད་ཇུས་དྲིལ་སྒྲོག་གི་ལས་འགུལ་ཞིག་ཀྱང་སྤེལ་གྱིན་ཡོད་སྟབས། ས་གནས་མང་ཚོགས་ཀྱིས་འབྲི་རུ་རྫོང་དུ་སྔར་བས་དྲག་གནོན་དམ་དྲག་ཤུགས་ཆེ་རུ་འགྲོ་སྲིད་པའི་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …