Friday , September 20 2019
Home / གསར་འགྱུར། / མགོ་ལོག་པདྨ་རྫོང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་འདུག

མགོ་ལོག་པདྨ་རྫོང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་འདུག

རང་ལུས་མེར་བསྲེགས་གནང་མཁན་ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་ཚེ་རིང་རྒྱལ།
རང་ལུས་མེར་བསྲེགས་གནང་མཁན་ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་ཚེ་རིང་རྒྱལ།

ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་སྟེ། རྒྱ་གཞུང་དམར་ཤོག་སྐབས་བཅོ་བརྒྱད་པའི་ཚོགས་འདུ་ཐེངས་གསུམ་པའི་སྐབས་དང་བསྟུན་ནས། མགོ་ལོག་ཁུལ་པདྨ་རྫོང་གི་མཁར་གྲོང་སྲང་ལམ་དུ། ཨ་སྐྱོང་ཇོ་ནང་དགོན་པའི་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་འདུག ཁོང་ནི་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡༢༢ པ་དང་། པདྨ་རྫོང་དུ་རང་ལུས་མེར་བསྲེགས་གནང་མཁན་ ༢ དེ་ཆགས་ཡོད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ ཡས་མས་ཙམ་ལ། བོད་མདོ་སྨད་མགོ་ལོག་པདྨ་རྫོང་གི་སྲང་ལམ་བཞི་མདོའི་ཉེ་ཁུལ་དུ། རང་ལོ་ ༢༠ ཡིན་པའི་གྲྭ་ཚེ་རིང་རྒྱལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་རེད།

རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བརྗོད་པ་ལྟར་ན། གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་རྫོང་མཁར་གྱི་བཞི་མདོའི་ཉེ་ཁུལ་ནས་རང་ལུས་ལ་མེ་སྒྲོན་རྗེས། རྫོང་སྲིད་གཞུང་གི་ཕྱོགས་སུ་གོམ་པ་བཅུ་གྲངས་ཤིག་རྒྱུགས་ནས་སར་འགྱེལ་ཡོད་པ་དང་། སྐབས་དེར་ཁོང་གིས་ “རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།” ཞེས་ཐེངས་མང་པོར་གསོལ་འདེབས་གནང་བཞིན་པ་གོ་ཐོས་བྱུང་འདུག

པདྨ་རྫོང་གི་སྲང་ལམ་དུ་མེ་རུ་འབར་གྱིན་པའི་གྲྭ་ཚེ་རིང་རྒྱལ་ལགས་ཀྱི་སྐུ་ཕུང་།
པདྨ་རྫོང་གི་སྲང་ལམ་དུ་མེ་རུ་འབར་གྱིན་པའི་གྲྭ་ཚེ་རིང་རྒྱལ་ལགས་ཀྱི་སྐུ་ཕུང་།

གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས། ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དམག་མི་འབྱོར་ཏེ། ཁོང་གི་ལུས་སྟེང་གི་མེ་བསད་དེ་རྫོང་སྨན་ཁང་དུ་ཁྱེར་ཡོད་པ་དང་། སྐབས་དེ་དུས་ཁོང་སྐུ་གྲོངས་མེད་པ་རེད། རྗེས་སུ་སྨན་ཁང་གི་མཐའ་འཁོར་ཡོངས་རྫོགས་དམག་མིས་སྐོར་ཏེ། མང་ཚོགས་རྣམས་འགྲོ་བསྐྱོད་བྱེད་མ་བཅུགས་པར་བཀག་སྡོམ་ནན་མོ་བྱས་ཡོད་འདུག
གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་དེ་ས་གནས་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་རྗེས། ཨ་སྐྱོང་ཇོ་ནང་དགོན་པའི་གྲྭ་བ་དང་ལྷ་སྡེ་མང་ཚོགས་བརྒྱ་ཕྲག་ཙམ་དགོན་པར་འདུ་འཛོམས་ཐོག རྒྱ་གཞུང་གི་ལག་ནས་ཁོང་གི་སྐུ་ཕུང་ལེན་པར་རྫོང་སྨན་ཁང་དུ་ཕྱིན་ཡོད་ཀྱང་། སྐབས་དེར་རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་གྲྭ་ཚེ་རིང་རྒྱལ་ལགས་མྱུར་སྐྱོབ་ཆེད་ཟི་ལིང་དུ་འཁྱེར་དགོས་སྐོར་བརྗོད་དེ། ཁོང་གི་ནང་མི་གཉིས་མཉམ་དུ་བསྐྱོད་ཆོག་པའི་ཁས་ལེན་བྱས་ཐོག མཚན་མོའི་ཆུ་ཚོད་བཅུ་ཡས་མས་ཙམ་ལ་ཟི་ལིང་དུ་ཁྱེར་ཡོད་པ་དང་། མཚན་མོའི་ཆུ་ཚོད་ ༡༡ ཡས་མས་ཙམ་ལ་ལམ་བར་ནས་སྐུ་གྲོངས་ཡོད་འདུག

པདྨ་རྫོང་ནས་ཨ་སྐྱོང་ཇོ་ནང་དགོན་པའི་བར་ཐག་ལ་སྤྱི་ལེ་ ༩ ཡོད་པ་དང་། གྲྭ་ཚེ་རིང་རྒྱལ་ལགས་ཀྱི་ནང་ནི་དགོན་པའི་ཉེ་འདབས་སུ་ཡོད་འདུག ཁོང་ལམ་བར་ནས་སྐུ་གྲོངས་བའི་རྗེས་སུ་མཚན་མོའི་དུས་ཚོད་ ༡༢ ཙམ་ལ་སྐུ་ཕུང་ཕྱིར་ཨ་སྐྱོང་དགོན་ནང་གདན་འདྲེན་ཞུ་ཐུབ་པ་བྱུང་སྟེ།
ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་བ་དང་། དེ་བཞིན། པད་ཡག་དགོན་པ་དང་སྒོ་མང་དགོན་པ་བཅས་ཀྱི་གྲྭ་བ་བརྒྱ་ཕྲག་གཉིས་ལྷག་ཇོ་ནང་ཨ་སྐྱོང་དགོན་དུ་འཛོམས་ནས། ཕོ་ལུང་དང་བསྔོ་སྨོན་གསུང་ཡོད་ལ། དེ་རིང་ཕྱི་ཚེས་ ༡༢ ཉིན་ཡང་གྲྭ་བ་བརྒྱ་ཕྲག་ལྷག་གིས་མུ་མཐུད་ཇོ་ནང་དགོན་པར་སྐུ་གཤེགས་ཁོང་གི་ཆེད་དུ་མཆོད་འབུད་དང་སྔོ་སྨོན་གསུང་བཞིན་ཡོད་པ་མ་ཟད། ས་གནས་མང་ཚོགས་རྣམས་གྲྭ་ཚེ་རིང་རྒྱལ་ལགས་ཀྱི་ནང་མི་ཡོད་སར་བསྐྱོད་དེ། ནང་མིར་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་གནང་བཞིན་ཡོད་འདུག

གྲྭ་ཚེ་རིང་རྒྱལ་ལགས་སྐུ་མ་གཤེགས་པའི་སྔོན་དེར། “ངས་དེ་རིང་རང་ལུས་མེར་བསྲེགས་བཏང་དོན་ནི། གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་ཆེད་དུ་ཡིན། ཁྱེད་ཅག་གིས་ཀྱང་བོད་མི་ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་དང་། བོད་ཀྱི་སྐད་དང་ཡི་གེ། ཡུལ་སྲོལ་གོམ་གཤིས་སོགས་ལ་བདག་པོ་ཡག་པོ་རྒྱག་རྒྱུ་ནི་ངའི་རེ་བ་ཉག་ཅིག་ཡིན། དེ་ལྟར་བྱས་ན་གཞིས་བྱེས་བོད་མི་མཉམ་འཛོམས་བྱུང་ཐུབ་ཀྱི་རེད།” ཅེས་སོགས། ཁོང་གིས་རང་ལུས་མེར་བསྲེགས་གནང་དགོས་དོན་དང་རང་ཉིད་རེ་འདུན་སྐོར་གསུང་ཡོད་འདུག

གྲྭ་ཚེ་རིང་རྒྱལ་ལགས་ནི་ཨ་སྐྱོང་ཇོ་ནང་དགོན་པའི་གྲྭ་བ་ཡིན་ལ། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་ལྕགས་རི་ཐང་ཞང་ཨ་སྐྱོང་སྡེ་བའི་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཤེར་ཕུན་དང་མའི་མིང་ལ་རིན་སྒྲོན་ཟེར། ཁོང་ལ་མིང་སྲིང་སྤུན་མཆེད་བརྒྱད་ཡོད་པ་རྣམས་ནི་གྲྭ་བདེ་ལེགས་དང་ཆོས་དབྱིངས། ཨ་ནེ་ཁང་སྐྱིད། གཞན་མི་སྤུན་མཆེད་སྐྱ་སངས་བཟང་དང་། སྲིང་མོ་གང་མ། མཚོ་མོ། ཚེ་སྐྱིད་བཅས་ཡིན་ལ། ཁོང་སྤུན་མཆེད་དེ་དག་གི་གྲས་ནས་ཆུང་ཤོས་དེ་ཡིན་འདུག
དེ་རིང་ཕྱི་ཚེས་ ༡༢ ཉིན་མགོ་ལོག་པདྨ་རྫོང་ཐོག་ཏུ་དམག་མི་མང་པོ་འགྲེམ་འཇོག་གིས། རྫོང་གི་ཟམ་ཆེན་དང་སྒོ་ཆེན་སོགས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་ཀྱང་། ད་ལྟའི་གནས་སྐབས་སུ་ཨ་སྐྱོང་དགོན་གྲོང་གཉིས་སུ་དམིགས་བསལ་གྱི་དམ་དྲག་རིགས་བྱས་མི་འདུག

གྲྭ་ཚེ་རིང་རྒྱལ་གྱི་ནང་དང་། ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེད་དུ་ཡོང་མཁན་མང་ཚོགས་རྣམས་ཀྱི་རླངས་འཁོར་དང་སྦག་སྦག།
གྲྭ་ཚེ་རིང་རྒྱལ་གྱི་ནང་དང་། ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེད་དུ་ཡོང་མཁན་མང་ཚོགས་རྣམས་ཀྱི་རླངས་འཁོར་དང་སྦག་སྦག།

གྲྭ་ཚེ་རིང་རྒྱལ་ལགས་ནི་མགོ་ལོག་པདྨ་རྫོང་དུ་རང་ལུས་མེར་བསྲེགས་གནང་མཁན་བོད་མི་གཉིས་པ་དེ་ཆགས་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣ ཉིན། པདྨ་རྫོང་གི་སུམ་མདོར་རང་ལོ་ ༢༩ ཡིན་པའི་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་གི་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གིས་ས་གནས་མང་ཚོགས་ཀྱིས་ཉེན་རྟོག་པ་དང་དམག་མིར་ཁོང་གི་སྐུ་ཕུང་འཁྱེར་མ་བཅུག་པར་ངོ་རྒོལ་བྱས་པའི་ཉེས་མིང་འོག་བོད་མི་ཁག་ཅིག་འཇུ་བཟུང་བཀག་བྱས་ཐོག ཉེ་སྔོན་ཟི་ལིང་གྲོང་ཁྱེར་གྱི་རྒྱ་གཞུང་ཁྲིམས་ཁང་ཞིག་ནས་རང་ལོ་ ༥༨ ཡིན་པའི་རྡོབ་ཕྲུག་ལ་ལོ་ ༡༠ དུས་བཀག་བཙོན་འཇུག་དང་། རང་ལོ་ ༤༠ ཡིན་པའི་དབུ་རྒྱན་རྡོ་རྗེ་ལ་ལོ་ ༡ དང་ཟླ་ ༩ དུས་བཀག་བཙོན་འཇུག ཆོས་སྐྱབས་ལ་ལོ་ ༡ དང་ཟླ་ ༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅས་བཅད་ཡོད་པ་རེད།

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་རིམ་པར་བྱུང་རྗེས། རྒྱ་གཞུང་གིས་ཡ་ང་བས་དྲག་གནོན་བྱས་ཏེ་བོད་མི་མང་པོ་སྡེབ་གསོད་དང་། འཇུ་བཟུང་གཅར་རྡུང་། ཁྲིམས་གཅོད་བཙོན་འཇུག་སོགས་བྱས་ཏེ། བོད་མི་རྣམས་ལ་ཞི་བའི་སྒོ་ནས་སོ་སོའི་འདོད་འདུན་བརྗོད་པའི་ལམ་ཁ་གཅིག་ཀྱང་མེད་པ་བཟོས་པར་མ་ཟད། བོད་ནང་སྔར་བའི་མི་སྤྱོད་ལས་འདས་པའི་དྲག་གནོན་དམ་དྲག་ཤུགས་ཆེ་རུ་བཏང་སྟབས། བོད་མི་རྣམས་ཐབས་ཟད་འུ་ཐུག་གི་གནས་སུ་ལྷུང་སྟེ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་བྱུང་ཡོད།

གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་སློབ་གཉེར་གནང་ཡུལ་མགོ་ལོག་ཨ་སྐྱོང་ཇོ་ནང་དགོན།
གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་སློབ་གཉེར་གནང་ཡུལ་མགོ་ལོག་ཨ་སྐྱོང་ཇོ་ནང་དགོན།

ཡིན་ནའང་། རྒྱ་གཞུང་གི་ཆེས་མཐོའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། དབུས་ཉེན་རྟོག་ཁང་བཅས་ཀྱིས་ཁྲིམས་མཐུན་མ་ཡིན་པའི་ཐོག་ནས། ཆེད་དུ་བོད་ནང་བྱུང་བཞིན་པའི་རང་ལུས་མེར་བསྲེགས་དམིགས་ཏེ། ༼བོད་ཁུལ་གྱི་རང་སྲེག་གྱོད་དོན་ཁྲིམས་ལྟར་ལག་ལེན་དང་འབྲེལ་བའི་བསམ་འཆར༽ཞེས་པའི་ཡིག་ཆ་ཞིག་བཀྲམས་ཐོག རང་སྲེག་གནང་མཁན་བོད་མི་རྣམས་ཀྱི་ནང་མི་དང་ཉེ་འབྲེལ་གྲོགས་པོ་སོགས་ལ། ཆབ་སྲིད་ཀྱི་ནག་ཉེས་འདྲ་མིན་བཙུགས་ཏེ་བཙོན་འཇུག་ཁྲིམས་གཅོད་བྱེད་བཞིན་ཡོད། དངོས་ཡོད་གནས་སྟངས་འདི་ལས་རྒྱ་གཞུང་གིས་གཞི་རྩའི་ཁྲིམས་ཐོག་ནས་མི་རིགས་དབྱེ་འབྱེད་དང་། མི་རིགས་རྩ་གཏོར་གཏོང་བཞིན་པ་གསལ་བོར་བསྟན་ཡོད།

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …