Friday , September 20 2019
Home / གསར་འགྱུར། / རྒྱ་གཞུང་གིས་དམུ་དགེ་དགོན་པའི་ནང་བརྙན་མིག་བཙུགས་ཏེ་དམ་དྲག་བྱེད་བཞིན་འདུག

རྒྱ་གཞུང་གིས་དམུ་དགེ་དགོན་པའི་ནང་བརྙན་མིག་བཙུགས་ཏེ་དམ་དྲག་བྱེད་བཞིན་འདུག

ph
དམུ་དགེ་དགོན་ནང་ཡོད་པའི་བརྙན་མིག་དང་ཉེན་རྟོག་པའི་རླངས་འཁོར།

ཉེ་སྔོན་ནས་བཟུང་བོད་མདོ་སྨད་རྔ་བ་ཁུལ་ཟུང་ཆུ་རྫོང་དམུ་དགེ་ས་ཁུལ་དུ་རྒྱ་གཞུང་གིས་ས་གནས་བོད་རིགས་ཞང་འབྲོག་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་བྱས་པར་བརྟེན། ས་གནས་བོད་རིགས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་སྣ་ཚོགས་འཕྲལ་བཞིན་པ་མ་ཟད། དམུ་དགེ་དགོན་པ་གཙོས་ས་གནས་ཞང་གྲོང་ཁག་ནང་ཉེན་རྟོག་ཁང་མང་པོ་གསར་རྒྱག་བྱས་ཏེ་ལྟ་རྟོགས་བཀག་སྡོམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ལྟར།

 

འདི་ག་ལྟེ་གནས་ཁང་ལ་གསར་དུ་དེའི་སྐོར་གྱི་གནས་ཚུལ་དང་པར་རིས་འབྱོར་དོན། དམུ་དགེ་དགོན་པའི་ནང་དུ་རྒྱ་གཞུང་ཉེན་རྟོག་པས་དུས་རྒྱུན་སྐོར་གཡེང་བྱེད་བཞིན་པ་མ་ཟད། ལྟ་རྟོགས་བཀག་སྡོམ་ཆེད་དགོན་པའི་ནང་བརྙན་མིག་གསུམ་བཙུགས་ཡོད་པ་དང་། བརྙན་མིག་དེ་གསུམ་ནི་གྲྭ་མང་ཆོས་ར་འཚོགས་སའི་དགོན་པའི་ཚོགས་ཆེན་འདུ་ཁང་གི་སྒོ་དང་། དགོན་པའི་ཁྲི་བ་དང་ལས་སྣེ་རྣམས་སྡོད་སའི་འཇམ་དབྱངས་བཞད་པའི་གཟུམ་ཁང་གི་སྒོ། བོད་མི་དད་ལྡན་མཇལ་བ་རྣམས་ཀྱིས་ཕྱག་སྐོར་དང་འདུ་འཛོམས་བྱེད་སའི་གནས་བཀྲ་ཤིས་འཁོར་ལོའི་དགོན་གྱི་རི་སྒང་བཅས་སུ་བཙུགས་ཡོད་འདུག བརྙན་མིག་དེ་གསུམ་གྱིས་དགོན་པའི་ནང་གནས་ཚུལ་ག་རེ་བྱུང་གི་ཡོད་ཆ་ཚང་གསལ་བོ་མཐོང་ཐུབ་ཀྱི་ཡོད་འདུག

 

གཞན་ཡང་། དམུ་དགེ་དགོན་གྲོང་གཉིས་ཀྱི་དཀའ་ངལ་གསལ་ཚུལ་སྐོར། འདི་ག་ལྟེ་གནས་ཁང་གིས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ སྤེལ་ཡོད་པ་ལྟར། རྒྱ་གཞུང་གིས་དམུ་དགེ་དགོན་པའི་ཉེ་འདབས་སུ་ཉེན་རྟོག་ཁང་ཞིག་གསར་རྒྱག་བྱེད་བཞིན་པ་མ་ཟད།

དེ་སྔོན་དམུ་དགེ་ས་ཁུལ་གྱི་ཞང་གྲོང་ཁག་གསུམ་ནང་ཉེན་རྟོག་ཁང་གཉིས་ལས་མེད་ཀྱང་། ད་ལྟ་དམུ་དགེ་ས་ཁུལ་གྱི་ཞང་གྲོང་གཅིག་རེའི་ནང་ཉེན་རྟོག་ཁང་གཉིས་གསུམ་རེ་གསར་རྒྱག་དང་།  ཉེན་རྟོག་དམག་མིས་གྲངས་འབོར་སྔར་ལས་ལྡབ་འགྱུར་གྱིས་མང་དུ་བཏང་སྟེ་ལྟ་རྟོགས་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བརྩམས་ཡོད་པ་རེད།

 

ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་རྒྱ་གཞུང་གིས་ཀུན་གསབ་དང་མང་ཚོགས་ལ་གྲོས་བསྡུར་གང་མ་བྱས་པར།  དམུ་དགེ་ནོར་བ་འབྲོག་སྡེ་ཡི་སྟོན་ཁ་རུ་བ་འབབ་སའི་རྩྭ་ས་བཙན་འཕྲོག་དང་། དེ་བཞིན། ཆུ་མཛོད་རྒྱག་རྒྱུར་ཁ་གཡར་ཏེ་དམུ་དགེ་ཨ་ཆུ་དང་། ཨ་རྔ། ཨ་མགོན་སྡེ་བ་བཅས་ཀྱི་ཞིང་ས་ཡང་བཙན་འཕྲོག་བྱས་ཡོད་པར་བརྟེན། དམུ་དགེ་ས་ཁུལ་གྱི་རོང་འབྲོག་སྡེ་ཁག་གི་མང་ཚོགས་ཀྱི་འཚོ་བར་དཀའ་སྣ་ཚོགས་འཕྲད་བཞིན་ཡོད་ལ། རྒྱ་གཞུང་གིས་མང་ཚོགས་རང་བཞིན་གྱི་ངོ་རྒོལ་ཡོང་རྒྱུར་དོགས་སློང་འོག  དམུ་དགེ་དགོན་པའི་གཙོས་ས་གནས་ཞིང་འབྲོག་ཁུལ་དུ་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

 

ད་ལྟའི་ཆར་རྒྱ་གཞུང་གིས་བོད་དུ་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་འོག  བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་མི་འདུས་སྡོད་ཀྱི་གྲོང་ཁྱེར་ཁག་དང་།  སེ་འབྲས་དགའ་གསུམ་གཙོས་པའི་བོད་ས་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཁག  ཐ་ན་བོད་པའི་ཞིང་འབྲོག་ཁུལ་གྱི་གྲོང་སྡེ་ཁག་གི་ནང་དུའང་།  བརྙན་མིག་མང་པོ་བཙུགས་དང་འཛུགས་བཞིན་ཡོད་པ་མ་ཟད།  ས་ཁུལ་སོ་སོའི་ནང་ཉེན་རྟོག་པའི་ལྟ་རྟོགས་ས་ཚུགས་མང་པོ་གསར་རྒྱག་གིས་དྲག་ཆས་དམག་མི་དང་ཉེན་རྟོག་པ། ལྟ་སྲུང་བ་དང་གསང་མྱུལ་བ་སོགས་མང་པོ་འགྲེམས་འཇོག་བྱས་ཏེ།   གྲོང་སྡེ་རེ་རེ་དང་མི་ཚང་རེ་རེ་བཞིན་བཀག་སྡོམ་དྲག་གནོན་འོག་གནས་ཡོད།

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …