Friday , September 20 2019
Home / གསར་འགྱུར། / རྒྱ་གཞུང་གི་འཇུ་བཟུང་འོག་ཡོད་པའི་རྩོམ་པ་པོ་ཞོགས་དྲིལ་གྱི་སྙན་རྩོམ་ཁག་གཉིས།

རྒྱ་གཞུང་གི་འཇུ་བཟུང་འོག་ཡོད་པའི་རྩོམ་པ་པོ་ཞོགས་དྲིལ་གྱི་སྙན་རྩོམ་ཁག་གཉིས།

shogdril_blog-170x300ན་གཞོན་རྩོམ་པ་པོ་ཞོགས་དྲིལ་ནི། ཁམས་འབྲི་རུ་རྫོང་ཤག་ཆུ་ཞང་ནས་ཡིན་ལ། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༡ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡ ཙམ་རྒྱ་གཞུང་ཉེན་རྟོག་པས་གསང་བའི་ཐོག་འཇུ་བཟུང་བཙན་ཁྲིད་བྱས་ཏེ།  ད་ལྟའི་ཆར་གར་སོང་ཆ་མེད་དུ་གནས་སྟངས་ཆགས་འོག་ལྷག་ཡོད། ཁོང་གིས་སྔ་ཕྱིར་ <<ཁ་བ་ལ་འཁྲེར་བའི་དུང་སེམས་ཀྱི་ཅོང་སྒྲ།>>  དང་   <<གངས་རིའི་ལས་དབང་།>>  ཞེས་པའི་དེབ་གཉིས་བརྩམས་ཏེ་འགྲེམས་དང་། <<གངས་རིའི་ལས་དབང་།>>  ཞེས་ལོ་དེབ་ཀྱི་རྩོམ་སྒྲིག་པ་བཅས་གནང་ཡོད་ལ།   རྒྱ་ཡིག་དྲ་རྒྱའི་སྒེར་གཉེར་ཟིན་སྟེང་རྒྱ་ཡིག་གི་ལམ་ནས་རྩོམ་ཡིག་སྣ་ཚོགས་སྤེལ་ཡོད་པ་རེད།

 

གཤམ་དུ་རྩོམ་པ་པོ་ཁོང་གིས་རྒྱ་ཡིག་ཐོག་བརྩམས་པའི་ <<འཆི་འོས་པའི་དཀོན་མཆོག>>  དང་  <<སྐྱུག་བྲོ་བའི་ལྷ།>> སྙན་རྩོམ་གཉིས་བོད་སྒྱུར་བྱས་ཡོད། སྐྱུག་བྲོ་བའི་ལྷ་ཞེས་པ་ནི་རྩོམ་འཕྲོར་ལས་པའི་སྙན་རྩོམ་ཞིག་ཡིན་པས། རྩོམ་པ་པོ་རང་ཉིད་ཀྱིས་རྒྱ་ཡིག་གི་མ་རྩོམ་སྟེང་མུ་འགོད་ཞེས་བྲིས་འདུག  ཡིག་སྒྱུར་སྐབས་མ་རྩོམ་གྱི་བརྗོད་དོན་ཇི་མ་ཇི་བཞིན་གྲ་མ་ཉམས་དྲི་མ་ཡལ་བ་ཞིག་འབྱུང་ཁག་སྟབས། རྒྱ་ཡིག་མ་རྩོམ་གྱི་དྲ་ཐག་འདི་གར་ཕུལ་ཡོད་པས།  ཀློག་པ་པོ་རྣམས་ཀྱིས་རྩོམ་གྱི་བརྗོད་སྙིང་གི་གཞི་འཛིན་ས་མ་རྩོམ་རང་བྱེད་དགོས་པ་ཐུགས་འཇགས་ཡོང་བ་ཞུ།

 

http://danzhengjia6508.tibetcul.com/home.php?mod=space&uid=17012&do=blog&id=146627

http://amy928.tibetcul.com/home.php?mod=space&uid=17012&do=blog&id=144260

 

འཆི་འོས་པའི་དཀོན་མཆོག

 

ཞོགས་དྲིལ།

            ———— གཏམ་རྒྱུད་མ་ཡིན་པའི་གཏམ་རྒྱུད་ཅིག་གི་འགྲེལ་བཤད།

 

དོན་གྱིས་དཀོན་མཆོག་ཤི་ཟིན།

དུས་ཡུན་རིང་པོའི་སྔ་རོལ་ནས་ཤི་ཟིན།

འོན་ཀྱང་། བོད་མི་ཚོ་ད་དུང་ཡིད་ཆེས་ཀྱི་མི་འདུག།

དེ་བས་བོད་མི་ཚོར་དཔང་སྐྱེད་ར་སྤྲོད་ཆེད།

ཉེ་བའི་ལོ་དག་ལ། ངས་དཀོན་མཆོག་ཤི་རྐྱེན་གྱི་གཏམ་རྒྱུད་དང་གྱོད་གཞི་མང་པོ་བསྔོགས་ཡིན།

མཐར་མར་ང་ལ་བདེན་ཐུབ་ཀྱི་དྲིས་ལན་ཞིག་རག་བྱུང་།

གནའ་དུས། བོད་མི་ཚོར་ཉིན་མོའི་ཟས་དང་མཚན་མོའི་གོས་ལ་དཀའ་ངལ་ཡོད་དུས།

དཔྱོད་ཤེས་འབར་བའི་གཞོན་ནུ་ཞིག་གིས་ཐབས་མཆོག་ཅིག་རྙེད།

ཁོང་གིས། ང་ཚོས་ཚེ་ཚེ་རབས་རབས་ལ།

འདི་ལྟར་དཀོན་མཆོག་ཁོ་ནར་གསོལ་མཆོད་ཀྱིས་དུས་བདའ་ཚེ།

ང་ཚོའི་མ་འོངས་པའི་འཚོ་བ་ཇི་ལྟར་རོལ།

ངེས་པར་དུ་དཀོན་མཆོག་རྒྱང་འཕུད་གཏོང་དགོས་ཞེས་གདམས་སྐད།

ཁོ་ཚོས་དཀོན་མཆོག་གསོལ་པོར་ལྟོགས་ཤི་ཐེབས་སུ་བཅུགས།

དེ་ལྟར་མི་རྣམས་ཀྱི་དཀོན་མཆོག་གསོལ་མཚམས་བཞག

རྒྱུ་མཚན་དེས་དབང་གིས། དཀོན་མཆོག་སྔར་ནས་ཤི་ཟིན།

 

མ་གཞི་དཀོན་མཆོག་འཆི་དགོས་ངེས་རེད།

ཁོས་ད་ལྟའི་བར་བཟའ་བཏུང་རྫོགས་མེད་ཆུད་ཟོས་སུ་བཏང་ཡོད།

ཁོས་མཆོད་ཀྱིན་པ་ཡོད་ཚད་ཟས་ཀྱི་བཅུད་དང་བཏུང་བའི་ཕུད་ཡིན།

ཁོས་ཆུད་ཟོས་སུ་བཏང་བ་མཐའ་དག་མང་ཚོགས་ཀྱི་རྔུལ་ཁྲག་ཡིན།

སྐབས་དེ་དུས་དཀོན་མཆོག་རྒྱང་འཕུད་བཏང་མེད་ཚེ།

དུས་དེ་རིང་། ངས་ཀྱང་ཐབས་བརྒྱ་ཇུས་ཤེས་སྟོང་གིས།

དཀོན་མཆོག་རྒྱང་འཕུད་གཏོང་ངེས་ཡིན།

རྒྱལ་ཁབ་དང་མི་སེར་ཀྱི་བདེ་སྡུག་ཆེད་དུ།

 

མཚན་མོ་བརྒྱ་ཕྲག་དང་ཉིན་མོ་སྟོང་ཕྲག་ལ།

ངས་བསམ་གཞིགས་ཁྲི་ཕྲག་གི་སྣོལ་རྩེག་བར་ནས།

སྙིང་དུ་སྡུག་པའི་དཀོན་མཆོག་བཙལ།

སྨོན་འདུན་འབུམ་ཕྲག་གི་དག་གཙང་ཁྲོད་ནས།

དཀོན་མཆོག་དངོས་སུ་ཡོད་ན་བསམ།

ངའི་མི་རིགས་འདི་དཀོན་མཆོག་གིས་སྐྱོབ་ན་བསམ།

ཡིན་ནའང་། ང་ལ་ཐོབ་པ་ནི་གྲང་ཤུར་ཤུར་གྱི་ཕམ་ཁ་རེ་རེ།

འདི་ལྟར་ང་གཏན་དུ་རེ་ཐག་ཆད།

 

ངག་རྒྱུན་བཅོས་མ་ཞིག་ལས། ངས་དཀོན་མཆོག་གསོན་པོ་ཞིག་མཐོང་མ་སོང་།

ལྷ་སྒྲུང་རྫུན་མ་ཞིག་ལས། ངས་ཞལ་གདམས་དྲོན་མོ་ཞིག་ཐོས་མ་སོང་།

ངས་ཇི་ལྟར་རྣོ་བསམ་བཏང་ཡང་།

མི་རྣམས་ཀྱིས་མི་རབས་ནས་མི་རབས། ཚེ་རབས་ནས་ཚེ་རབས་ཀུན་དུ།

འདི་ལྟར་དཀོན་མཆོག་སྲོག་ཏུ་བཀུར་དོན་ཤེས་མ་སོང་།

ལྷ་སྒྲུང་གིས་གནམ་ས་འགངས་དོན་དེ་བས་ཀྱང་རྟོགས་མ་སོང་།

ངས་བགྲང་མི་ཚར་བའི་འདྲི་བ་མང་པོ་རིམ་དུ་བཅུག་ནས།

སེལ་ཐུབ་པའི་དོགས་གཞི་མང་པོ་སེམས་ལ་སྒོམ་གྱིན།

དཀོན་མཆོག་བཙལ་མོད། དུས་ནས་དུས་སུ་ང་རང་ཕམ་ཉེས་བྱུང་།

 

ལོ་མང་འདས་རྗེས་ཀྱི་དེ་རིང་།

བསམ་གཞིགས་ཁྲི་ཕྲག་གི་ཕ་མཐར་བརྒལ་རྗེས་ཀྱི་དོ་དགོང་།

མཛེས་སྡུག་ཡིད་འོང་གི་ངག་སྒྲུང་དེ་དག་གིས།

ལྷ་སྒྲུང་ལ་མོས་པའི་ཡབ་མེས་ཚོའི་མིག་ཟུང་སྒྲིབ་ཤིང་།

ལྷ་སྒྲུང་གི་དད་འདུན་འཁྱིལ་བའི་ཡིད་འགུག་གི་དབྱངས་རྟ་དག་གིས།

མིག་མ་ཕྱེ་བའི་བུ་རབས་ཚ་རྒྱུད་རྣམས་གཉིད་ལ་ཡུར་དུ་བཅུགས།

 

སྙིང་ཉེ་བའི་གངས་ཅན་སྤུན་ཟླ།

སེམས་བརྩེ་བའི་གདོང་དམར་བུ་རབས་ཚ་རྒྱུད།

འཛམ་གླིང་སྐྱི་གཡའ་བར་བྱེད་པའི་གཏམ་རྒྱུད་དག

ལུས་ཀྱི་བ་སྤུ་གཟེངས་འོང་བའི་གཏམ་རྒྱུད་དག

གཏམ་རྒྱུ་དེ་དག་དྲན་སོས་ཀྱི་འདུག་གམ།

 

ས་ཁུལ་བར་གྱི་ཁ་འཛིང་འཁྲུག་རྩོད།

རྒྱལ་འབངས་བར་གྱི་འགལ་རྐྱེན་འཁྲུག་རྩོད།

བན་བོན་བར་གྱི་གོ་བབས་འཁྲུག་རྩོད།

བཀའ་རྙིང་བར་གྱི་ཆོས་རྒྱུད་འཁྲུག་རྩོད།

འཁྲུག་རྩོད་འདི་དག་གིས་བོད་མི་མིག་ཆུའི་ཁྲོད་བརྫུས་ཡོད།

གངས་ལྗོངས་སྐྱོ་གར་གྱིས་བཀངས་ཡོད།

ཡིན་ནའང་། དཀོན་མཆོག་གིས་ང་ཚོར་མགོན་སྐྱབས་གནང་མྱོང་ངམ།

 

༡༩༠༤ ལོའི་ཡ་ང་བའི་དབྱིན་འགོག་དམག་འཁྲུག

༡༩༥༩ ལོའི་སྙིང་འདར་བའི་རྒྱ་བོད་དམར་འཛིང་།

༡༩༨༩ ལོའི་བཟོད་དཀའ་བའི་བོད་རྒྱ་འཁྲུག་རྩོད།

༢༠༠༨ ལོའི་རྟོགས་སད་ཡར་ལངས་ཆེན་མོ།

སྐབས་དེ་དག་ཏུ།  དཀོན་མཆོག་གིས་འུ་ཚོར་བརྩེ་གཟིགས་གནང་བྱུང་ངམ།

དཀོན་མཆོག་གིས་འུ་ཚོར་མདུན་ལམ་བསྩལ་སོང་ངམ།

གཉིད་ལས་ལོངས་དང་། ང་ཡི་སྤུན་ཟླ།

 

ཟླ་ ༤ ཚེས་ ༡༤ ཉིན་ས་ཡོམ་ཀྱིས་ལྗང་མདོག་གི་ཡུལ་ཤུལ་ཐལ་རྡུལ་དུ་གཏོང་དུས།

ཟླ་ ༨ ཚེས་ ༨ ཉིན་ས་རུད་ཀྱིས་འབྲུག་ཆུའི་མཛའ་ཉེ་རྣམས་ཁྱིམ་སྟོང་གནས་མེད་དུ་གཏོང་དུས།

ད་དུང་། རང་བྱུང་གནོད་འཚེ་གཅིག་རྗེས་གཉིས་མཐུད་ཀྱིས་འབྱུང་དུས།

སྙིང་རྗེ་བྲལ་བའི་དཀོན་མཆོག་དེས།

ག་དུས་བོད་མིར་མགོན་སྐྱབས་གནང་མྱོང་།

ང་ཡི་སྤུན་ཟླ། དུས་རབས་ཀྱི་སྐྱ་མདའ་སྔོ་མོ་ནས་བཏང་ཟིན།

ད་ནི་འུ་ཅག་སད་རན། འུ་ཅག་ལམ་ལ་ཆས་རན་འདུག

འདི་ནི། དེ་རིང་ངས་གདུང་ཤུགས་དྲག་པོ་འབོད་ཀྱིན་པའི་ན་ཟིག་དེ་ཡིན།

འདི་ནི། དོ་ནུབ་ངས་ཁུ་སིམ་མེར་གླེང་གིན་པའི་འགྲེལ་བཤད་དེ་ཡིན།

 

དཀོན་མཆོག་ལ་བརྩེ་སེམས་བྲལ་རྐྱེན། ཞོགས་དྲིལ་ལ་དེ་བས་ཀྱང་སྙིང་རྗེ་མེད།

དཀོན་མཆོག་ལ་གསོབ་རྫུ་ཆེ་བས། ཞོགས་དྲིལ་ལ་དེ་བས་ཀྱང་གཏུམ་དྲག་ལྡན།

དཀོན་མཆོག་ལ་ནུས་མཐུ་མེད་སྟབས། ཞོགས་དྲིལ་ལ་དེ་བས་ཀྱང་རང་ཚུགས་མེད།

མ་གཞི་འཇིག་རྟེན་འདིར་དཀོན་མཆོག་གནས་ཆོག་མོད།

འོན་ཀྱང་། དཀོན་མཆོག་གིས་འདོད་རྔམ་བྱེད་རུང་།

སྒེར་སེམས་དེ་བས་ཀྱང་འཛིན་མི་ཆོག

 

ལག་པ་བྲང་ཁར་ཞོག་ལ་ཁུ་སིམ་མེར་ཕྱིར་འདང་ཤིག་རྒྱོབས་དང་།

དཀོན་མཆོག་དང་སྤྲུལ་སྐུ།

ད་དུང་། ཡུལ་ལྷ་གཞི་བདག་གི་ཚོགས།

འདི་དག་གིས་དོན་གྱིས་འུ་ཚོར་ག་རེ་གནང་སོང་།

རྣོ་བསམ་ཐོངས་དང་སྤུན་ཟླ་ཚོ།

འདི་དག་གི་བསླུ་བྲིད་ཀྱང་བསླུ་བྲིད་དང་།

འདི་དག་གི་བྲན་གཤིས་ཀྱང་བྲན་གཤིས་ཡིན་པ་ལས།

གཞན་གང་ཡང་ཡིན་མི་སྲིད།

 

གྲོགས་པོས། དཀོན་མཆོག་ནི་ནམ་ཡང་དཀོན་མཆོག་སྟེ།

དཀོན་མཆོག་གར་ཡོད་གང་བཞུགས། དཀོན་མཆོག་གི་སྤྲུལ་སྒྱུར་ཡོད་ཚད།

ཕལ་བའི་མི་ཡིས་རྟོགས་མི་ཐུབ་ལ། ཚོད་དཔག་ནི་དེ་བས་ཀྱང་མི་རུང་ཟེར།

ཡིན་ནའང་།  ངས་དཀོན་མཆོག་ནི་བློ་ལས་འགོངས་ཤིང་རླབས་མེད་དུ་མཐོང་མ་སོང་།

 

ངའི་མཛའ་ཉེ་ཡིས། དཀོན་མཆོག་དོན་གྱིས་མེད་ནའང་།

དཀོན་མཆོག་མེད་པར་སྒྲུབ་དགོས་མ་མཆིས་ཏེ།

ཁོང་ནི་འགྲོ་མིའི་མཚར་སྡུག་གི་ལྷ་སྒྲུང་ཞིག

ཁོང་ནི་དད་ལྡན་ཚོའི་འདུ་ཤེས་ཀྱི་གཞུང་ཤིང་ཞིག

རྒྱུ་མཚན་འདི་དག་གི་དབང་གིས།

ངའི་དགག་སྒྲུབ་གྱི་སྨྱུག་ཁ་འཇོག་དགོས་ཟེར།

འབྲས་མེད་ཀྱི་བློ་གཏོང་སྐྱུར་དགོས་ཟེར།

 

མ་གཞི་དཀོན་མཆོག་འཆི་འོས་པར་གླེང་དོན་ནི།

དཀོན་མཆོག་དམར་གསོད་དང་སྤྲུལ་སྐུར་རྒྱབ་གཏད་དགོས་དོན་མིན་ལ།

གནམ་ས་བླ་འོག་གི་འགྱུར་ལྡོག་གཏོང་དགོས་དེ་བས་མ་ཡིན་སྟེ།

ཁོ་ཚོའི་གཉིད་ལས་སད་ཕྱིར་ཡིན།

ཤ་རུས་གདུང་རྒྱུད་གཅིག་པའི་ངའི་སྤུན་ཟླ་ཚོ་གཉིད་ལས་དཀྲོགས་ཆེད་ཡིན།

 

སློབ་གྲོགས་ཚོས། ང་ནི་བརྩེ་སེམས་བོར་བའི་བདུད་འདྲེ་རུ་འབོད།

ཀློག་མཁན་ཚོས། ང་ནི་དཔྱོད་ཤེས་སྟོངས་པའི་ལྟོས་ངན་དུ་གླེང་།

གང་ལྟར་དྲང་བདེན་ནི་སྟོབས་ཤུགས་ཡིན་པའི་གཏན་ཚིག་དེ།

ངས་ད་དུང་ཡང་སྙིང་ལ་བཅངས་ཡོད།

 

སྔོན་ཆད་ལུའུ་ཞིན་གྱིས་༼ངས་དམྱལ་ཁམས་མི་འགྲིམ་སུས་འགྲིམ།༽ཞེས་བརྗོད་ཡོད།

དེ་རིང་བདག་གིས་ཀྱང་༼ཉེས་པ་ང་ཡིས་གཟེད་སུས་གཟེད།༽ཅེས་ཐལ་བར་འདོད།

མི་རྣམས་འཆི་བར་འཇིགས་ཤིང་། འཆི་བ་ནམ་བསླེབ་ལ་སྐྲག་གིན་ཡོད།

དེ་ལྟར་མོད་ཀྱང་། སྲིད་པ་ས་ལ་ཆགས་ནས་ད་ལྟ་བར།

སུ་ཞིག་འཆི་བདག་གི་སོ་ཁ་ནས་ཐར་མྱོང་ཡོད།

ང་འཆི་བར་མི་འཇིགས། 
འཆི་བ་ནམ་བསླེབ་ལ་དེ་བས་ཀྱང་མི་སྐྲག

 

ངས་རང་ཉིད་ཀྱི་ཚེ་སྲོག་མཇུག་མ་སྒྲིལ་བའི་སྔ་རོལ་དུ།

ཚེ་སྲོག་གི་རིན་ཐང་འཚོལ་བར་རྣོ་བསམ་གཏོང་གི་ཡོད།

དེ་བས། རང་ཉིད་ཀྱི་ཆེད་དུ། གཞན་གྱི་ཆེད་དུ།

ང་རང་དགའ་སའི་མི་དང་རང་ལ་དགའ་བའི་མི་དག་གི་ཆེད་དུ།

ངས་སྐར་ཆ་རེ་རེར་ཚེ་སྲོག་ལ་གཅེས་འཛིན་བྱེད་ཀྱིན་ཡོད།

 

ལུའུ་ཞིན་གྱིས་ཀྱང་༼ལྷག་བསམ་ཡོད་ན་འོད་སྣང་ལྡན་༽ པར་སྐད།

དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ།

སྲོག་གི་དབྱངས་རྟ་མ་འགག་བར་དུ།

ཚེ་མཇུག་གི་ཆེས་མཐའ་མིའི་སྐར་ཆ་དེ་ལའང།

ང་རང་བདེན་ལུགས་ཀྱི་གར་སྟེགས་སུ་འགྲེངས་ཏེ།

བདེན་ལུགས་ནི་སྟོབས་ཤུགས་ཡིན་པའི་གླུ་སྐད་གྱེར་ངེས་ཡིན།

ཚེ་མཇུག་གི་བདེ་པའི་ཞབས་བྲོ་འཁྲབ་ངེས་ཡིན།

 

མི་ཚེ་རིན་ཐང་གི་ཚད་ཤིང་ནི།

སྤྱོད་སྒོ་ག་ཙམ་ཡོད་མེད་ཀྱིས་མ་ཡིན་པར།

བདེན་ལུགས་དང་རྒྱང་ཐག་རིང་མིན་གྱིས་འཇལ་དགོས་པར་སེམས།

དེར་བརྟེན། བདེན་ལུགས་སྲོག་གིས་སྲུང་བའི་མི་ཚེར་རིན་ཐང་ལྡན་ངེས།

 

 

 

སྐྱུག་བྲོ་བའི་ལྷ་ས།

 

ཞོགས་དྲིལ།

གཅིག

ངག་རྒྱུན་ཁྲོད། ལྷ་ས་ནི་ལྷ་ཚོགས་འཁོར་སའི་གནས་མཆོག་ཏུ་འབོད།

ལྷ་ས་ནི་ལྷ་ཡུལ་དང་ཁ་ཐག་ཉེ་བའི་གནའ་མཁར་ཡིན་ཟེར།

ངག་རྒྱུན་ཁྲོད། ལྷ་ས་ནི་མི་ཡུལ་གྱི་མཚར་སྡུག་ཞིང་ཁམས་སུ་བསྔགས།

ལྷ་ས་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་གླེང་།

ད་དུང་། ལྷ་ས་ནི་ཆོས་སྐྱོང་སྲུང་མའི་བཞུགས་གནས་ཡིན་པར་བརྗོད།

 

གཉིས།

 

ཡིན་ནའང་། ད་ལྟ་ངའི་མིག་འདུན་དུ་མངོན་པ་འདི་ནི་ལྷ་ས་རེད་དམ།

དོན་དུ་ང་ཚོའི་རེ་བསྙེགས་ཁྲོད་ཀྱི་ལྷ་ས་འདི་ཡིན་ནམ།

དངོས་ཡོད་ཀྱི་ལྷ་ས་བརྗིད་ཆགས་ལྡན་པ་ཞིག་རེད་དམ།

དེང་གི་ལྷ་ས་དངོས་གནས་མཚར་སྡུག་ཡིད་འོང་ཞིག་འདུག་གམ།

 

གསུམ་པ།

 

ལྷ་སའི་རྩ་ཕྲན་རེ་རེ་དང་ཤིང་ཐུར་རེ་རེ།

ལྷ་སའི་རྒྱབ་མདུན་ཡོད་ཚད།

རེ་རེ་བཞིན་རྒྱུས་མངའ་ཡོད་པའི་ངས།

ཉིན་མཚན་དབྱེར་མེད་ལ་རེ་བའི་གཅེར་ཡོད་པའི་ངས།

ངས་ལྷ་སའི་ཡིད་འོང་གི་ཞལ་རས་དེ་མཇལ་མ་སོང་།

ཐ་ན་སྐར་ཆ་གཅིག་ལ་ཡང་མཇལ་མ་སོང་།

ངས་རང་ལྷ་སའི་གྲུ་ཁ་རེ་རེར་མྱུལ་མྱོང་།

སྲང་མདོ་གང་སར་ཡོད་པའི་ཆང་ཁང་དང་སྨད་འཚོང་ཁང་།

སྲང་ལམ་གང་སར་འཚང་བའི་སྤྲང་པོ་དང་ཡུལ་གྱར་བ།

བར་སྐོར་གླིང་གི་དད་ལྡན་པ་དང་ཕལ་མིའི་གྱོན་ཆས་འོག་གི་ཉེན་རྟོག་པ།

གཙུག་ལག་ཁང་གི་ལྗོངས་རྒྱུ་བ་དང་སྐོར་འཁྱམ་པ།

ད་དུང་། ལུས་ཀྱི་བ་སྤུ་གཟེངས་བར་བྱེད་པའི་སྣང་བརྙན་དག

དོན་ལྔ་སྣོད་དྲུག་བསྲེགས་འོང་བའི་སྐྱོ་གར་དག

འདི་དག་ལས་གཞན། ངས་སེམས་ཀྱིས་བསྔགས་འོས་པའི་གནས་ཞིག་མཐོང་མ་སོང་ལ།

ལྷིང་འཇགས་བདེ་སྐྱིད་ཀྱི་འཚོ་བ་ཞིག་དེ་བས་ཀྱང་ཚོར་མ་སོང་།

 

བཞི།

མུ་འགོད།

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …