Friday , September 20 2019
Home / གསར་འགྱུར། / མེར་བསྲེགས་དང་འབྲེལ་བའི་ཉེས་མིང་འོག་བོད་མི་གསུམ་ལ་ཁྲིམས་ཐག་བཅད་འདུག

མེར་བསྲེགས་དང་འབྲེལ་བའི་ཉེས་མིང་འོག་བོད་མི་གསུམ་ལ་ཁྲིམས་ཐག་བཅད་འདུག

ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གུར་མགོན།
ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གུར་མགོན།

རྒྱ་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ནང་མི་དང་། གྲོགས་པོ་སོགས་ལ་ཉེས་མིང་སྣ་ཚོགས་བཀལ་ཏེ་འཇུ་བཟུང་ཁྲིམས་གཅོད་བྱེད་བཞིན་ཡོད་པ་ལྟར། རྒྱལ་གཅེས་དཔའ་བོ་གྲུབ་མཆོག་ལགས་ཀྱི་རང་བསྲེགས་ངོ་རྒོལ་དང་འབྲེལ་བའི་ཐོག་ནས། བོད་མི་གསུམ་ལ་ཉེན་རྟོག་པས་མེ་གསོད་པར་བཀག་འགོག་བྱས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༨ ཉིན། བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོ་རུ་ཁག་གཉིས་པའི་གཙོས་རུ་མའི་ཕ་ཀྱོག་པོ་དང་མ་གཡང་མཚོ་གཉིས་ཀྱི་བུ། རང་ལོ་ ༢༨ ཡིན་པའི་གྲུབ་མཆོག་ལགས་ཀྱིས་སྦྲ་ཆེན་མཐུན་སྒྲིལ་ཐང་དུ་རང་ལུས་མེར་བསྲེཊ་གནང་སྟེ།  རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་འདས་གྲོངས་ཕྱིན་ཡོད་ལ།  སྐབས་དེར་ས་གནས་མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་འགེབས་སྲུང་གིས།  རྒྱ་གཞུང་ཉེན་རྟོག་པ་དང་མང་ཚོགས་བར་རྩོད་རྙོག་བྱུང་ཡོད་པ་ལྟར།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན།  རྒྱལ་གཅེས་དཔའ་བོ་གྲུབ་མཆོག་ལགས་ཀྱིས་རང་ལུས་མེར་བསྲེགས་རྗེས། རྒྱ་གཞུང་གིས་ཉེན་རྟོག་པ་དང་ལས་བྱེད་མི་སྣས་མེ་གསོད་རྒྱུར་བཀག་འགོག་བྱས་པའི་ཉེས་འོག   ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༢ ཉིན། བོད་མི་གུར་མགོན་དང་ནོར་བུ་རྡོ་རྗེ། བསོད་ནམ་ཡར་འཕེལ་གསུམ་འཛིང་བཟུང་བཀའ་རྒྱ་བསྒྲགས་ཏེ། གལ་སྲིད་ཁོང་གསུམ་གྱིས་མགོ་འདོགས་ཞུས་པ་ཡིན་ན་ཁྲིམས་ཆད་ཡང་མོ་གཅོད་རྒྱུ་ཡིན་སྐོར་བརྗོད་ནས།  ཁོང་གསུམ་འཇུ་བཟུང་གིས་ཁྱུང་ཆུ་རྫོང་དུ་བཀག་ཉར་འདྲི་བརྩད་བྱས་ཡོད་འདུག

ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་ནོར་བུ་རྡོ་རྗེ།
ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་ནོར་བུ་རྡོ་རྗེ།

འདི་ལོའི་ཕྱི་ཟླ་ ༧ པའི་ཟླ་དཀྱིལ་ཙམ་ལ་ཁྱུང་མཆུ་རྫོང་མི་མང་ཁྲིམས་ཁང་གིས། ས་གནས་རྫོང་ཁོངས་ཀྱི་ཞང་ཁག་གི་མགོ་ཁྲིད་དང་ལས་བྱེད། ཁོང་གསུམ་གྱི་ནང་མི་གཉིས་རེ་བཅས་འབོད་འགུག་ཐོག   གུར་མགོན་དང་བསོད་ནམས་ཡར་འཕེལ་གཉིས་ལ་ལོ་ ༤ རེ་དུས་བཀག་བཙོན་འཇུག་དང་།  ནོར་བུ་རྡོ་རྗེ་ལ་ལོ་ ༥ དུས་བཀག་བཙོན་འཇུག་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟའི་ཆར་ཁོང་གསུམ་སི་ཁྲོན་མཱེན་ཡང་བཙོན་ཁང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག

དེ་བཞིན། ཉེ་ཆར་རྒྱ་གཞུང་གིས་ཞང་དང་རྫོང་བཅས་རིམ་པ་ཁག་བརྒྱུད་དེ་ཡིག་ཆ་འདྲ་མིན་བཟོ་དགོས་པའི་སྒྲིག་གཞི་གཏན་འབེབས་ཀྱིས་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད་སྟབས།  ཁོང་ཚོའི་ནང་མི་ཉེ་འབྲེལ་རྣམས་ཐུག་འཕྲད་དུ་བསྐྱོད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་འདུག

 

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …