Friday , September 20 2019
Home / གསར་འགྱུར། / གྲྭ་ཚུལ་ཁྲིམས་སྐལ་བཟང་ལགས་ལ་མི་གསོད་ཀྱི་ཉེས་བཀལ་ཏེ་ལོ་བཅུ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

གྲྭ་ཚུལ་ཁྲིམས་སྐལ་བཟང་ལགས་ལ་མི་གསོད་ཀྱི་ཉེས་བཀལ་ཏེ་ལོ་བཅུ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ལོ་སྔོན་མར་རྒྱ་གཞུང་གིས་ཆབ་སྲིད་ཀྱི་གནད་དོན་ཡོད་རབས་དང་ཕྱི་ལོག་ལ་འབྲེལ་བ་ཡོད་སྐོར་གྱི་ཉེས་མིང་བཏགས་ཏེ་བཙན་ཁྲིད་བྱས་པའི་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་ཚུལ་ཁྲིམས་སྐལ་བཟང་ལགས་བཀག་ཉར་འདྲི་གཅོད་སྐབས་གཅར་རྡུང་དྲག་པོ་བཏང་སྟེ་ནད་པ་ཆགས་པར་བརྟེན།  ཕྱིར་གློད་ཙམ་བྱས་རྗེས་བསྐྱར་དུ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་ལྟར།   ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༧ ཚེས་ ༡༢ ཉིན་ཁོང་ལ་མི་བསད་ཀྱི་ཉེས་མིང་བཏགས་ཏེ་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་འདུག

ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་ཚུལ་ཁྲིམས་སྐལ་བཟང་ལགས།
ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་ཚུལ་ཁྲིམས་སྐལ་བཟང་ལགས།

ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༡ ཉིན་ཉ་མཚོ་ཟིལ་དཀར་དགོན་དུ་རྒྱ་དམག་འབྱོར་ཏེ་ཆབ་སྲིད་ཀྱི་གནད་དོན་ཡོད་རབས་དང་ཕྱི་ལོག་ལ་འབྲེལ་བ་ཡོད་པའི་ཉེས་མིང་བཏགས་ཏེ།   གྲྭ་བློ་བཟང་སྦྱིན་པ་དང་བསོད་ནམས་ཤེས་རབ། བསོད་ནམས་དབྱིག་གཉེན། ཚུལ་ཁྲིམས་སྐལ་བཟང་བཞི་བཙན་ཁྲིད་བྱས་རྗེས། ཟླ་གཅིག་ལྷག་གི་རྗེས་གྲྭ་བསོད་ནམས་ཤེས་རབ་དང་བསོད་ནམས་དབྱིག་གཉེན་གཉིས་ལ་བཙོན་འཇུག་ཁྲིམས་ཐག་ལོ་གཉིས་རེ་བཅད་དེ།  སྟོང་སྐོར་རྫོང་དུ་ཡོད་པའི་ཟི་ལིང་ཏའོ་པཱ་ངལ་རྩོལ་སྒྱུར་བཀོད་ཁང་དུ་བཅུགས་ཡོད་འདུག  དེ་བཞིན། གྲྭ་བློ་བཟང་སྦྱིན་པ་ཞིབ་དཔྱོད་ཁང་དུ་མ་བརྒྱུད་མཐར་ཕྱིར་དགོན་ནང་དུ་མངགས་ཙམ་བྱས་ཀྱང་།  རྗེས་སུ་༼ བོད་དར་ཆ་སྒྲོངས་ཤིག་གངས་བུ་ཚོ༽ ཞེས་པའི་གླུ་བ་བློ་བློས་བླངས་པའི་འོད་སྡེར་དང་འབྲེལ་བ་ཡོད་སྐོར་བརྗོད་དེ། བསྐྱར་དུ་འཇུ་བཟུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད།  ཁོང་དང་མཉམ་དུ་གླུ་བ་བློ་བློ་ལ་ཡང་ལོ་དྲུག་གི་བཙོན་འཇུག་ཁྲིགས་ཐག་ཡོད་པ་རེད།

ཡིན་ནའང་།  གྲྭ་ཚུལ་ཁྲིམས་སྐལ་བཟང་ལགས་རྒྱ་གཞུང་གི་ཞིབ་དཔྱོད་ཁང་དུ་མ་བརྒྱུད་དེ་བཀག་ཉར་འདྲི་བརྩད་བྱས་མཐར་ཕྱིར་དགོན་ནང་དུ་མངགས་ཙམ་བྱས་ཀྱང་།   བསྐྱར་དུ་འབོད་འགུགས་ཐེངས་གཉིས་ལྷག་བྱས་རྗེས་ཟི་ལིང་དུ་འཁྲིད་དེ་ཟླ་བཞི་ལྷག་ལ་བཀག་ཉར་བྱས་མཐར། ནད་གཞིའི་རྐྱེན་གྱིས་ཟླ་དགུ་ལྷག་རིང་ཁྲིམས་ཐག་མ་བཅད་པར་བཀག་ཉར་ལྟ་རྟོགས་འོག་བཞག་ཡོད་ཀྱང་།  ད་ལོ་སྤྱི་ཟླ་༧ པའི་ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་༨ པའི་སྟེང་རྒྱ་གཞུང་ཁྲིམས་ཁང་གིས་ཁོང་ལ་མི་གཉིས་གསུམ་ཙམ་བསད་པའི་ཉེས་མིང་བཙན་འགེལ་བྱས་ཏེ་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་འདུག  གྲྭ་ཚུལ་ཁྲིམས་སྐལ་བཟང་ལགས་གཙོས་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་པ་དེ་དག་ལ། རྒྱ་གཞུང་གི་ཉེས་ཁྲིམས་ཞུ་གཏུགས་བཅའ་ཁྲིམས་བཀོད་ཡོད་པའི་སྒེར་ངོས་ནས་ཁྲིམས་རྩོད་པ་འཚོལ་བ་སོགས་རང་ཉིད་ལ་ཉེས་བ་བཙུགས་པ་རྣམས་དག་འབུལ་གྱི་ཁྲིམས་ཐོག་ཁེ་དབང་གང་ཡང་མ་སྤྲད་པར།   ས་གནས་རྒྱ་གཞུང་རང་གི་བཀའ་བཀོད་ལྟར་ཡོངས་གྲགས་མ་ཡིན་པའི་ཐོག་ནས་ཉེས་འགེལ་ཁྲིམས་ཐག་བཅད་ཡོད་པ་རེད།

8615141237_fgdfgd4a205d043
སྐྱེ་རྒུ་མདོ་ཁྲི་འདུ་རྫོང་ཁོངས་སུ་ཡོད་པའི་ཉ་མཚོ་ཟིལ་དཀར་དགོན་པ།

ཚུལ་ཁྲིམས་སྐལ་བཟང་ལགས་ནི་ ༡༩༨༨ ལོར་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་ཉ་མཚོ་སྡེ་བར་སྐྱེས་ཤིང་། ད་ལྟ་ཁོང་ལོ་རང་ལོ་ ༢༥ ཡིན་པ་དང་།   ཁོང་གི་ཕའི་མིང་ལ་ཨ་ཐུབ་དང་མའི་མིང་མ་སྒྲོལ་དཀར་མཚོ་ཟེར།  ཁོང་ཕྱི་ལོ་  ༡༩༩༨ ལོ་སྟེ་རང་ལོ་བཅུའི་སྟེང་ཉ་མཚོ་ཟིལ་དཀར་དགོན་པའི་ཆོས་སྒོར་ཞུགས་ཏེ་ནང་ཆོས་ལ་སློབ་གཉེར་གནང་པ་དང་།  ༢༠༠༤ ལོར་སེར་ར་དགོན་པར་ཆོས་ཞུགས་ཀྱིས་ལོ་མང་རིང་ནང་ཆོས་ལ་སློབ་གཉེར་བྱས། སྐབས་དེར་ཁོང་འཛིན་གྲྭའི་ནང་སློབ་སྦྱོང་ཡག་ཤོས་ཀྱི་གྲས་ཡིན་འདུག  ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། རྒྱ་གཞུང་གིས་སེ་འབྲས་དགེ་གསུམ་གྱི་གྲྭ་བ་མང་པོ་འཇུ་བཟུང་བྱས་ཡོད་པ་ལྟར།  ཁོང་ཡང་དེའི་གྲས་སུ་འཇུ་བཟུང་བྱས་ཏེ་ཟླ་ ༦ རིང་བཀག་ཉར་བྱས་མཐར།  སེར་ར་དགོན་པ་ནས་འདུག་མ་བཅུག་པར་ཕྱིར་ཕ་ཡུལ་བཏང་ཡོད་པ་རེད།  དེ་རྗེས་ཁོང་གིས་ཕ་ཡུལ་གྱི་ཉ་མཚོ་ཟིལ་དཀར་དགོན་པའི་ནང་མུ་མཐུད་སློབ་གཉེར་བྱེད་ཞོར་དུ།   དགུན་ཁའི་གུང་གསེང་སྐབས་རྫ་སྟོད་དང་ཆུ་དམར་ཞང་བཅས་སུ་བོད་པའི་སློབ་ཕྲུག་རྣམས་ལ་ནང་ཆོས་དང་ལོ་རྒྱུས།  བརྡ་སྤྲོད་སོགས་སློབ་ཁྲིད་གནང་ཡོད་པ་མ་ཟད།   ༢༠༡༡ ལོར་ཟིལ་དཀར་དགོན་པའི་བོད་ཡིག་དང་ནང་ཆོས་སློབ་ཁྲིད་སོགས་གནང་སྟེ།  བོད་པའི་སྐད་ཡིག་རིག་གནས་མི་ཉམས་གོང་འཕེལ་ཐད་མ་སྐུལ་དང་བླངས་ཐོག་འབད་བརྩོན་གནང་ཡོད།   ༢༠༡༢ ཕྱི་ཟླ་ ༢ ཚེས་ ༨   ཉིན་བོད་ནང་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཆེད།  བཙན་བྱོལ་གཞུང་མང་ཡོངས་ཀྱིས་ཉིན་བརྒྱ་དུས་གཅིག་ལ་ཟས་བཅད་སྙུང་གནས་གནང་བཞིན་པའི་དུས་དང་བསྟུན་ནས།   ཉ་མཚོ་ཟིལ་དཀར་དགོན་པའི་ནང་ཞི་བའི་སྐད་འབོད་ངོ་རྒོལ་བྱུང་ཡོད་པ་ལྟར།  སྐབས་དེར་ཁོང་ཡང་ཞི་བའི་སྐད་འབོད་ནང་མཉམ་ཞུགས་གནང་ཡོད་འདུག  ༢༠༡༢ ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་རྒྱ་གཞུང་གིས་ཁོང་འཇུ་བཟུང་བཙན་ཁྲིད་ཀྱིས་ཡུན་རིང་ག་སོང་ཆ་མེད་དུ་གྱུར་མཐར།  གཅར་རྡུང་བཀག་ཉར་འོག་གཟུགས་པོ་ནད་པ་ཆགས་ཏེ་གནས་སྐབས་རིང་ཁྲིམས་ཐག་མ་བཅད་པར་ལྟ་རྟོགས་བཀག་ཉར་འོག་བཞག་ཡོད་ཀྱང་།  ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཁོང་ལ་མི་བསད་པའི་ཉེས་འཛུགས་འོག་ལོ་ ༡༠ ཁྲིམས་ཐག་བཅད་ཡོད་པ་རེད།

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …