Friday , September 20 2019
Home / གསར་འགྱུར། / སྐུ་གཤེགས་རྒྱལ་གཅེས་པ་ཨ་ཁུ་སངས་རྒྱས་ལགས་ངོ་སྤྲོད་མདོར་བསྡུས།

སྐུ་གཤེགས་རྒྱལ་གཅེས་པ་ཨ་ཁུ་སངས་རྒྱས་ལགས་ངོ་སྤྲོད་མདོར་བསྡུས།

འདི་ག་ལྟེ་གནས་ཁང་དུ་སྐུ་ཞབས་སྦྱིན་པ་ལགས་ཀྱིས་ཁོང་གི་ཆོས་གྲོགས་སྐུ་གཤེགས་རྒྱལ་གཅེས་པ་སངས་རྒྱས་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་གནང་འབྱོར་བྱུང་དོན། དམ་པ་ཁོང་གི་མཚན་ཆ་ཚང་ལ་སངས་རྒྱས་རྒྱ་མཚོ་ཞུ་བ་དང་། ཕྱི་ལོ་ ༡༩༦༩ ལོར་བོད་མདོ་སྨད་བླ་བྲང་དགོན་པའི་ལྷ་སྡེ་བསང་ཁོག་གི་འབྲོག་ཁྱིམ་ཞིག་ཏུ་ཕ་མགོ་བྷ་དང་མ་བསོད་ལོ་གཉིས་ཀྱི་བུར་སྐྱེས། རང་ལོ་བཅུ་དྲུག་སྟེང་རབ་ཏུ་བྱུང་སྟེ་བླ་བྲང་དགོན་པའི་ཐོས་བསམ་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་ཡོད་པ་དང་། སྐབས་དེར་འཛིན་གྲྭའི་ནང་དཔེ་ཆ་བ་ལེགས་གྲས་ཡིན་འདུག

ཕྱི་ལོ་ ༡༩༩༡ སྟེ་རང་ལོ་ཉེར་གསུམ་སྟེང་ནང་པའི་ཆོས་ལ་སློབ་གཉེར་ཡང་དག་ཅིག་གནང་ཐུབ་ཆེད་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་ལྷོ་ཕྱོགས་འབྲས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཡོད་ཀྱང་། ལོ་གཉིས་གསུམ་ཙམ་ལས་མ་འགོར་བར་ས་ཆུ་མ་འཕྲོད་པའི་རྐྱེན་གྱིས་ཕྱིར་ཕ་ཡུལ་ལ་ལོག་དགོས་བྱུང་འདུག ཡིན་ནའང་། ཁོང་གི་སློབ་གཉེར་གྱི་འདུན་པ་ནི་ནམ་ཡང་འགོག་ཐབས་བྲལ་བ་ཞིག་ཡིན་སྟབས། སླར་ཡང་བླ་བྲང་དགོན་པར་ཕྱིན་ཏེ་མུ་མཐུད་སློབ་གཉེར་གནང་ཡོད་ལ། དམ་པ་ཁོང་དུས་རྒྱུན་ཚོགས་ཆོས་གྲྭ་དང་། དཔེ་ཁྲིད་བཀའ་ཆོས་སོགས་དགེ་འདུན་པ་ཞིག་ལ་སྐབས་སུ་བབ་པའི་ཆོས་སློབ་གཉེར་གྱི་བྱ་བ་གང་ལའང་གུས་རྟག་ལྷོད་མེད་གནང་མཁན་ཞིག་ཡིན་པ་རེད།

Sangye-Gyatso (12)དམ་པ་ཁོང་གི་ཆོས་གྲོགས་སྐུ་ཞབས་སྦྱིན་པ་ལགས་ཀྱིས་བརྗོད་རྒྱུར། ང་དང་ཁོང་གི་དབར་ལ་འཛིན་གྲྭ་རྒན་གཞོན་གྱི་ཁྱད་ཆེ་ནའང་ངེད་གཉིས་གྲྭ་ཚང་གཅིག་ནས་ཡིན་པ་དང་། ལོ་ངོ་གསུམ་རིང་བཀའ་ཆོས་ལ་མཉམ་དུ་ཕྱིན་པའི་ཆོས་གྲོགས་ཀྱང་ཡིན། ལྷག་དོན་ཁོང་གིས་ང་ཚོ་གསར་ཞུགས་པ་ཚོར་མཇུག་སྐྱོར་(སྤྱིར་དགོང་མོ་ཆུ་ཚོད་ ༩ ཙམ་ལ་ཆོས་གྲྭ་གྲོལ་ནའང་། དོ་སྣང་ཡོད་རིགས་རྣམས་ད་དུང་མཇུག་ནས་བསྡད་དེ་རྒན་པས་གཞོན་པར་བློ་བསྐྱེད་གནང་བ་སོགས་ཆོས་རྩོད་བྱེད་པ་དེ་ལ་ཟེར) སྐབས་སོགས་སུ་རྩོད་པ་མི་ཉུང་བ་རེ་གནང་གི་ཡོད་སྟབས། དམ་པ་ཁོང་གི་ཞལ་ངོ་དང་སྤྱོད་ལམ་སོགས་ད་ལྟའང་ངའི་མིག་ལམ་ལ་ཁྲ་ལམ་མེར་ཤར་གྱི་འདུག ཁོང་གིས་རྩོད་པ་གནང་བའི་ཚེ་གསུང་སྐད་དམའ་ཞིང་སྒྲ་གདངས་དག་ལ་ཆེ་ཆེ་རྫིག་རྫིག་སོགས་གང་ཡང་མི་གནང་བར། བློ་རྩེ་གཅིག་ཏུ་གཏད་དེ་གཞན་ལ་མི་འཕྲོས་པར་ཐད་ཀའི་བསྒྲུབ་བྱ་རང་གི་སྒང་ནས་འཕེན་མཁན་ཞིག་ཡིན། དེར་བརྟེན། ང་ཚོ་གཞོན་པ་ཚོའང་འཚེར་སྣང་ཅི་ཡང་མེད་པར་སེམས་ལྷོད་ལ་བབས་ནས་རྩོད་ལན་རྒྱག་གི་ཡོད། ཁོང་དང་ཁོང་འདྲ་བ་དག་ནི་ཚད་མ་རིག་པའི་གནས་ལ་གསར་སློབ་པ་ཚོར་རིག་པའི་གསང་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཆགས་ཡོད་ཅེས་བཤད་ན་མི་འགྲིག་པ་གང་ཡང་མེད་སྙམ། ཁོང་གི་གཤིས་ཀ་བབ་ཆགས་ཤིང་ཞི་འཇམ་ཡིན་པའི་ཐོག་བྱ་ཉུང་དོན་ཆུང་ཞིག་ཀྱང་ཡིན་པས། ལོ་ལྟར་དབྱར་དུས་ཚོགས་ཆོས་འགྲིམ་སྐབས་ཟླ་གམ་རྙིང་བ་མདོག་ལོག་ནས་སྐྱ་ཞད་འདྲེས་པ་ཞིག་གྱོན་གྱི་ཡོད་ལ། གཟན་ཤམ་ཡང་དེ་དང་འདྲ་བ་དུས་རྒྱུན་རྒྱས་སྤྲོས་མེད་པ་དང་ཧ་ཅང་རལ་བ་མ་ཡིན་པ། ཆོས་འདུལ་བ་ནས་མཐའ་གཉིས་སུ་མ་ལྷུང་བ་ཞིག་བསྟན་པ་བཞིན་གནང་གི་ཡོད།

ཁོང་རྒྱ་གར་ནས་ཕྱིར་ལོག་པ་དེ་ནས་བཟུང་བོད་དོན་སྐོར་ལ་དམིགས་བསལ་གྱིས་དོ་སྣང་དང་སེམས་ཁུར་ལེན་མཁན་ཞིག་ཆགས་ཡོད་ཚུལ་སྐོར་ཁོང་དང་འབྲེལ་འདྲིས་ཟབ་པའི་གྲོགས་པོ་ཞིག་གིས་ང་ལ་གསུངས་བྱུང་། གྲོགས་པོ་དེས་གསུངས་པ་ལྟར་ན། ཨ་ཁུ་སངས་རྒྱས་ཀྱིས་དུས་རྒྱུན་རང་གི་ངོ་ཤེས་རོགས་པ་ཚོར་དེང་སྐབས་ང་ཚོ་འདི་ལྟར་ལྷོད་ཡང་ངང་འདུག་མི་ཉན་པའི་བསྐུལ་བརྡ་ཡང་ཡང་གནང་གི་ཡོད་ཟེར། ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་བླ་བྲང་ནས་ཞི་རྒོལ་ཆེན་མོ་གནང་སྐབས། དམ་པ་ཁོང་ཉིན་དང་པོའི་ལས་འགུལ་ནང་མཉམ་ཞུགས་དང་ཉིན་གཉིས་པའི་ལས་འགུལ་ནང་གཙོ་བོའི་གྲས་སུ་ཐོན་ཏེ་ཡར་ལངས་སྐད་འབོད་གཞི་རྒྱ་ཆེ་བ་ཞིག་གི་གདོང་མཆོང་བ་གནང་ཡོད་པ་རེད།

ས་བྱི་ལོའི་གསུམ་བཅུའི་དུས་དྲན་དང་བསྟུན་ནས་བོད་ས་གང་སར་གཉའ་གནོན་གྱི་རྐང་འོག་ལ་རང་ཉིད་ཀྱི་མགོ་བོ་མཐོན་པོ་མ་བཞག་པར་ཞི་བའི་ངོ་རྒོལ་ཇ་ཆུ་གདུ་བ་བཞིན་ཁོལ་ཡོང་དུས། བདེན་པར་དགའ་ཞིང་རང་དབང་ལ་གཅེས་པའི་ཕྱི་རྒྱལ་བ་ཚོ་རྒྱ་ནག་གི་ཁ་མཁས་བསླུ་བྲིད་ཀྱི་སྙན་ཚིག་ཁོ་ནར་མགོ་བོ་མ་འཁོར་བར་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད། བོད་ས་རང་ལ་འགྲོ་བསྐྱོད་འདོད་མཁན་མང་ནའང་རྒྱ་དམར་པོའི་དཔལ་འབྱོར་གྱི་ཁ་སྟབས་བཙན་པོ་དེའི་འོག་ནས་ཤོར་བ་རེ་གཉིས་ཡིན་ལ། དེའི་ཁྲོད་ཀྱི་གཅིག་དེ་ནི་བྷི་བྷི་སི་(BBC)གསར་འགོད་པ་གཙོ་བྱས་པའི་རྒྱལ་སྤྱིའི་གསར་འགོད་སྡེ་ཚན་ཞིག་ཕྱི་ལོ་ ༢༠༠༨ ཟླ་ ༤ པའི་ཚེས་ ༩ ཉིན་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་འབྱོར་བ་དེ་ཆགས་ཡོད་པ་རེད། སྐབས་དེར་ཞི་རྒོལ་ལས་འགུལ་བ་ ༣༠ ཙམ་ཡོད་པའི་ཁྲོད་བློ་སྟོབས་ཅན་གྱི་དམ་པ་ཁོང་ཡང་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁོང་གིས་སྐབས་དེར་གཅེས་པའི་སྲོག་ལ་མ་འཛེམ་པར་སྐད་ཤུགས་ཆེན་པོས་རྒྱ་ནག་གིས་བོད་མིར་ཉེས་འགལ་བྱས་པ་དང་། བོད་མིར་ཐོབ་ཐང་མེད་པ་སོགས་ཐེར་འདོན་གནང་ཡོད། དཔེར་ན། དེ་དུས་དམ་པ་ཁོང་གིས་ “ང་ཚོར་གྲི་ཡོད་པ་རེད། མགོ་སྐོར་ཡོད་པ་རེད་(འབྲོག་པས་གཙོ་བོ་ཁྱི་ལ་གཞུ་སྤྱད་ཀྱི་ལྕགས་ཐོ་འབྲེང་བའི་ལུང་ཐག་ཡོད་པ་ཞིག) ཟེར་བ་སོགས་སྐྱག་རྫུན་རེད་” ཅེས་གསུངས་པ་དག་སྐབས་དེར་ང་རང་གིས་དངོས་སུ་གོ་ཐོས་བྱུང་ལ། རྗེས་སུ་བརྒྱུད་ལམ་ཁག་ནས་ཀྱང་ “ང་ཚོའི་སྟེང་ལ་དུག་བཏང་(༣ ཚེས་ ༡༥ ཉིན་བླ་བྲང་མི་མང་ཐོག་དུག་རྫས་ཤུགས་ཆེན་བཏང་བ་)བ་རེད། དམག་མང་པོ་བསྡད་ཡོད། དེ་བཞིན་མི་མང་པོ་བཟུང་ཡོད་པ་རེད། ང་ཚོ་ཐོབ་ཐང་དང་རང་དབང་མེད། ༸རྒྱལ་བ་རིན་པོ་ཆེའི་སྟེང་ལ་མཚན་སྨོད་ཞུ་འཇུག་གི་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་མྱུར་དུ་བོད་ལ་ཕེབས་དགོས་”ཞེས་སོགས་ཁོང་གིས་འབོད་ཚིག་བསྒྲགས་པ་གོ་རྒྱུ་འདུག དེ་ནི་ཚེ་སྲོག་གིས་བརྩད་པའི་བདེན་པ་སྟེ་རྫུན་གཞུང་གི་སྙིང་མགོར་གཞུས་པའི་ཚིག་རྣོན་གྱི་སྟ་རེ་དེའང་ཡིན་པ་རེད།

སྐབས་དེ་དུས་ཀྱང་རྒྱ་གཞུང་གིས་ཕྱི་ཕྱོགས་ལ་མགོ་སྐོར་གཏོང་སྟེ་བོད་མིའི་ལས་འགུལ་གྱི་ངོ་བོ་གཞན་དུ་བསྒྱུར་སླད། གྲྭ་བ་ཚོའི་ལག་པར་མཚོན་ཆ་ཡོད་ཚུལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་མ་ཡིན་ནམ། གང་ལྟར་ཉིན་དེར་བྲེལ་ཟིང་གི་ཁྲོད་ནས་ཁོང་ངའི་མིག་ལམ་ནས་ཡལ་ཟིན་པའི་རྗེས་སུ་ངས་ཁོང་གཏན་ནས་མཐོང་མྱོང་མེད། ཡར་ལངས་རྗེས་སུ་ཁོང་ཡང་ང་དང་འདྲ་བར་དགོན་པ་ནས་རི་འགོར་བྲོས་བྱོལ་ལ་འབྲོ་བའི་སྐལ་བ་ལྡན་འདུག འོན་ཏེ་ཡིད་སྐྱོ་བ་ཞིག་ལ། ཁོར་ཡུག་དང་གནམ་གཤིས་སོགས་ཀྱི་རྐྱེན་པས་(ས་བརླན་དང་གཞའ་ཚན་ཆེ་བ་སོགས)ཁོང་ལ་འཕྲོད་བསྟེན་གྱི་དཀའ་ངལ་རབ་དང་རིམ་པ་ཕྲད་འདུག རྒྱ་གཞུང་གིས་ཁོང་འཛིན་བཟུང་ཆེད་ཁྱབ་བསྒྲགས་དང་བཙལ་འཚོལ་ཡང་ཡང་བྱེད་ཀྱི་ཡོད་སྟབས། ཁོར་ཡུག་ཡངས་ས་དང་སྨན་ཁང་ཆེ་ས་ཞིག་ལ་འགྲོ་ཐུབ་རྒྱུ་ནི་རྨི་ལམ་ཙམ་ལས་མ་འདས་པས། དགའ་ཉེ་བློ་དཀར་ཚོས་རྒྱུ་དངོས་ལ་མ་བལྟས་པར་སྨན་ཁང་ཆུང་གྲས་རེ་ནས་སྨན་ལེན་རྒྱུ་སོགས་ཐབས་ཤེས་ཡོད་རྒུ་བཏོན་ནའང་། སྐུ་གཟུགས་ཉིན་རེར་ཇེ་སྐམ་ཇེ་ངན་ལ་སོང་སྟེ་མཐར་ཟི་ལིང་གི་སྨན་ཁང་ཞིག་ཏུ་སྨན་གཏུགས་བྱས་ཀྱང་ཕན་འབྲས་མ་བྱུང་བས་སྨན་ཁང་གཞན་ཞིག་ནང་གཤག་བཅོས་གནང་དགོས་བྱུང་འདུག སྐད་ཆ་འདི་རིགས་འབྲེལ་ཡོད་བརྒྱུད་གོ་ཐོས་བྱུང་ནའང་སྡུག་གི་ཁ་སྣོན་ཙམ་ལས་ང་ཚོར་བྱ་ཐབས་ཅི། སྨན་ཁང་ན་ཡོད་པའི་སྐབས་རྒྱ་གཞུང་གིས་གནས་ཚུལ་དེ་དག་ཤེས་ཀྱི་ཡོད་ནའང་དེ་དུས་མ་ཤེས་པའི་ཚུལ་གྱིས་བཞག་ཡོད་པ་རེད། རྒྱུ་མཚན་ནི་སླར་དྲག་བསྐྱེད་བྱུང་བར་རེ་བ་མེད་པས་ཁོང་ཚོའི་ལག་ནས་སྐུ་གྲོངས་འགྲོ་བར་བློ་དོགས་བྱེད་ཀྱི་ཡོད་པ་རེད། གཤག་བཅོས་གནང་སའི་སྨན་ཁང་དེ་ནས་ཀྱང་ “སྨན་བཅོས་དུས་སུ་མ་བྱས་པར་འཕྱི་འདུག་པས་ད་ལྟ་རེ་བ་མེད་”ཚུལ་གྱི་གཏམ་ངན་རྣ་ལ་གཟན་པ་ཞིག་བཤད་སྟབས་ཕྱིར་ལོག་དགོས་བྱུང་ཞིང་། དེ་ནས་རིང་བོ་མ་སོང་བར་ཕྱི་ལོ་ ༢༠༡༡ ཟླ་༢ པའི་ཚེས་ ༢༦ ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་མ་ཟད། དམ་པ་ཁོང་གི་ཞེ་དགུའི་ཁ་མ་བཀང་བར་སྐུ་ཉིད་ཀྱི་ཨ་མ་ལགས་ཀྱང་རང་གི་བུ་འདས་པ་ལ་ཡིད་གདུང་བས་གཟིར་ཏེ་དུས་མིན་འཆི་བདག་གི་དྲུང་དུ་ཁྲིད་སོང་བ་བཅས། མདོར་ན་ཁོང་གི་དགའ་ཉེ་བློ་དཀར་ཡོད་དོ་ཅོག་དང་ལྷག་དོན་ཤུལ་དུ་ལུས་པའི་ཕ་རྒན་དགུང་ལོ་བདུན་ཅུ་བརྒལ་བ་ཞིག་ཡོད་པ་རྣམས་ལ་སྐྱོ་གདུང་བཟོད་དཀའ་བ་ཞིག་བཞག་ཡོད་པ་ནི་སུ་ཞིག་གིས་བསྙོན་དུ་ཡོད།

ད་དུང་འདི་འདྲ་བའི་རིགས་མངོན་དུ་མ་གསལ་ཞིང་བཙོན་དུ་མ་བཅུག་ནའང་ང་ཚོས་སྐྱོ་གདུང་གི་མིག་ཆུ་དབང་མེད་དུ་འབྱིན་དགོས་ས་བོད་ཡུལ་སྟོད་སྨད་བར་གསུམ་ན་མི་ཉུང་བ་ཞིག་ཡོད་པ་མ་ཡིན་ནམ། དེར་བརྟེན་གཞི་རྩའི་མི་ཡི་ཐོབ་ཐང་གཙུག་ཏུ་བཀུར་ཞིང་བདེན་ལུགས་སྐྱོང་བ་ལ་མོས་པའི་མི་སྒེར་དང་ཚོགས་སྡེ་ཁག་ནས་བདེན་པ་དང་བདེན་པ་རྩོད་མཁན་དག་ལ་བདེན་རྒྱབ་དང་དཔུང་གཉེན་རེ་མཛད་རྒྱུ་བརྩེ་བས་གཟིགས་པ་ཞུ་ཞུ།། ཞེས་ས་རཱ་མཐོ་སློབ་ཀྱི་སྐུ་ཞབས་སྦྱིན་པ་ལགས་ཀྱིས་སྐུ་གཤེགས་རྒྱལ་གཅེས་པ་སངས་རྒྱས་ལགས་ཀྱིས་ལོ་རྒྱུས་མདོར་བསྡུས་སུ་བྲིས་ཡོད་པ་རེད།

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …