Friday , September 20 2019
Home / གསར་འགྱུར། / རྒྱ་གཞུང་གིས་གསང་བའི་ཐོག་གྲྭ་ཚེ་དཔག་ལགས་བསྐྱར་དུ་འཇུ་བཟུང་བྱས་འདུག

རྒྱ་གཞུང་གིས་གསང་བའི་ཐོག་གྲྭ་ཚེ་དཔག་ལགས་བསྐྱར་དུ་འཇུ་བཟུང་བྱས་འདུག

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༥༤ པའི་སྔ་ཉིན་སྟེ་ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་མཚན་མོར།  རྒྱ་གཞུང་གིས་གསང་བའི་ཐོག་ནས་རྔ་པ་ཀིརྟི་དགོན་པའི་གྲྭ་ཚེ་དཔག་ལགས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་།  དེ་ནི་རྒྱ་གཞུང་གིས་ཁྲིམས་མཐུན་མ་ཡིན་པའི་ཐོག་ཁོང་འཇུ་བཟུང་བྱས་པ་ཐེངས་གཉིས་པ་དེ་ཆགས་ཡོད།

imageའདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ། ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ཚེས་ ༩ ཉིན་གྱི་མཚན་མོའི་བོད་ནང་གི་དུས་ཚོད་ ༡༢ ཙམ་ལ།  རྔ་པ་ཀིརྟི་དགོན་གྱི་གྲྭ་ཚེ་དཔག་ལགས་དགོན་པའི་ཤར་ཕྱོགས་ཀྱི་ཉེ་འཁྲིས་སུ་ཡོད་པའི་གྲོང་བའི་ནང་སྲུང་མོ་ནད་པ་ཞིག་ཡོད་པ་དེར་ནད་གཡོགས་བྱས་ནས་བསྡད་ཡོད་པའི་སྐབས།  རྒྱ་གཞུང་གི་ཉེན་རྟོག་མི་སྣས་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག  ཡིན་ནའང་།  ད་བར་ནང་མི་ཉེ་འབྲེལ་སོགས་ཀྱིས་རྒྱ་གཞུང་གིས་ཁོང་ལ་ཉེས་འཛུགས་ག་རེ་བྱེད་ཀྱི་ཡོད་མེད་དང་།  ཁོང་ད་ལྟ་གར་ཡོད་གར་ཁྲིད་ཀྱི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་ཐུབ་མི་འདུག

དེ་སྔོན་གྲྭ་ཚེ་དཔག་ལགས་ཀྱིས་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ཟུར་སྦྱོང་བྱེད་བཞིན་པའི་བར་སྐབས་སྟེ།  ཕྱི་ལོ་ ༢༠༡༡ ཟླ་ ༣ པའི་ཚེས་ ༢༥ ་ཉིན་གྱི་དགོང་མོའི་བོད་ནང་ཆུ་ཚོད་ ༦ པ་ཙམ་གྱི་སྟེང་།  རྒྱ་གཞུང་གིས་གྲྭ་ཚེ་དཔག་ལགས་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ནས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ཟླ་ཁ་ཤས་རིང་བཀག་ཉར་བྱས་ཡོད་མོད།  སྐབས་དེར་རྒྱ་གཞུང་གིས་ཁོང་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་གང་ཡང་གསལ་བཤད་བྱས་པ་རེད།  རྗེས་སུ་མི་གཞན་གྱིས་ཤེས་རྟོགས་བྱུང་བ་ལྟར་ན་ཁོང་ལ་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་པ་ཞིག་ཡིན་འདུག

གྲྭ་ཚེ་དཔག་ལགས་ནི་ད་ལྟ་རང་ལོ་ ༢༩ ཡིན་པ་དང་།  ཁོང་གི་ཕ་མིང་ལ་དོན་འགྲུབ་དང་མའི་(ཚེ་འདས)མིང་ལ་དོན་དེ་ཟེར་ལ།  ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཏེ་ད་སྐབས་དབུ་མ་ལོ་རིམ་གསུམ་པའི་འཛིན་གྲྭར་སླེབས་ཡོད་འདུག

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …