Thursday , May 25 2017
Home / ང་ཚོའི་སྐོར།

ང་ཚོའི་སྐོར།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནི་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན།  ལྟེ་གནས་ཁང་འདི་བཞུགས་སྒར་རྡ་རམ་ས་ལར་ཕྱི་ལོ་༡༩༩༦ལོའི་ཟླ་༡ནང་དབུ་བརྙེས་ཏེ་བོད་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ནུས་ཐོན་གྱིས་ཉམས་ཞིབ་དང་དོ་འཁུར་བྱེད་ཀྱི་ཡོད་ལ།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་གི་གོ་རྟོགས་གོང་མཐོར་གཏོང་བའི་ལས་གཞི་སྤེལ་གྱི་ཡོད། ལྟེ་གནས་ཁང་གི་གནས་ཚུལ་འབྱུང་ཁུངས་ནི་བོད་ནས་བཙན་བྱོལ་དུ་འབྱོར་བཞིན་པའི་བོད་མི་རྣམས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ཡིན།  ལྟེ་གནས་ཁང་འདིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཟླ་རེའི་གསར་ཤོག་དང་།  ལོ་འཁོར་སྙན་ཐོ།  སྐབས་དུས་ལ་གཞིགས་པའི་གསར་འགོད་གསལ་བསྒྲགས་དང་། དམིགས་བསལ་སྙན་ཐོ་སོགས་འདོན་སྤེལ་བྱེད་བཞིན་ཡོད་པ་དང་།  འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་འདྲ་མིན་ལ་ཉམས་ཞིབ་བྱེད་ཀྱི་ཡོད།  དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཛ་དྲག་ཅན་རྣམས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཞུ་འབོད་བྱེད་བཞིན་ཡོད།
དེ་མིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་དང་།  མང་གཙོའི་སྐོར་ལ་ཟབ་སྦྱོང་།  བགྲོ་གླེང་།  ཚོགས་འདུ་སོགས་གོ་སྒྲིག་ཞུ་བཞིན་ཡོད་པ་མ་ཟད།ལོ་མང་རིང་རྒྱའི་བཙོན་ཁང་ནང་སྡུག་སྦྱོང་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་ཆེད་ལས་འགུལ་འདྲ་མིན་འདྲ་མིན་སྤེལ་བཞིན་ཡོད།

ལྟེ་གནས་ཁང་གི་དམིགས་ཡུལ་གཙོ་བོ་གཉིས།
བོད་ནང་གི་བོད་མིའི་ཐོབ་ཐང་གི་གནས་སྟངས་ལ་ཉམས་ཞིབ་དང་རྟོག་ཞིབ་བྱེད་རྒྱུ་དང་།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་དང་།   མང་གཙོའི་གོ་རྟོགས་གོང་མཐོར་སྤེལ་རྒྱུ།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལས་དོན།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཞིབ་འཇུག་དང་།  རྟོག་ཞིབ་བྱས་ཏེ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཞུ་འབོད་དང་།  དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་གནས་ཚུལ་མཁོ་འདོན་བྱེད་མུས་མ་ཟད།འགྲོ་བ་མིའི་ཐོབ་ཐང་གི་ཟླ་ཕྱེད་གསར་འཕྲིན་དང་།  ལོ་མཇུག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སྙན་ཐོ།  དམིགས་བསལ་སྙན་ཐོ་སོགས་བོད་དབྱིན་གཉིས་ཐོག་འདོན་སྤེལ་ཞུ་བཞིན་ཡོད་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོ་མ་རྣམས་དྲང་བདེན་གྱི་ལམ་ནས་རྒྱལ་སྤྱིའི་བརྒྱུད་ལམ་ཐོག་གསལ་སྟོན་བྱེད་ཀྱི་ཡོད།

རྒྱལ་སྤྱིའི་ཚོགས་འདུའི་ནང་འཛུལ་ཞུགས།
མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དེ་བཞིན་འཆར་ཅན་སུད་སི་རྒྱལ་ས་ཇེ་ནི་ཝར་སྐོང་ཚོགས་བྱེད་ཀྱི་ཡོད་པར་འདི་ག་ལྟེ་གནས་ཁང་གི་སྐུ་ཚབ་ཆེད་མངགས་བཅར་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཅན་རྣམས་ཞུ་འབོད་དང་།རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་དོ་སྣང་ཡོང་ཐབས་སུ་འབད་འཐབ་བྱེད་ཀྱི་ཡོད།  དེ་བཞིན་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་།  མང་གཙོ་དང་འབྲེལ་བའི་ཚོགས་འདུ་སྣ་ཚོགས་ནང་འཛུལ་ཞུགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོ་མ་རྣམས་གསལ་སྟོན་བྱེད་ཀྱི་ཡོད།

ཟབ་སྦྱོང་།
འདི་ག་ལྟེ་གནས་ཁང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་དང་།  མང་གཙོའི་གོ་རྟོགས་སྤེལ་བའི་ཟབ་སྦྱོང་འདྲ་མིན་གོ་སྒྲིག་ཞུ་གི་ཡོད།  དེ་ཡང་ལོ་ལྟར་ལོ་མཇུག་ཏུ་རྒྱ་གར་གྱི་མཐོ་སློབ་ཁག་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་ཕྲུག་ཚོར་དམིགས་ཏེ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོག་ཟབ་སྦྱོང་གོ་སྒྲིག་ཞུ་བ་དང་།  ལོ་དཀྱིལ་དུ་དགེ་རྒན་དང་།  ལས་འཁུར་ཞུ་བཞིན་པའི་མི་སྣར་དམིགས་ཏེ་ཟབ་སྦྱོང་གོ་སྒྲིག་ཞུ་བ་མ་ཟད།   བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོག་བསྐོར་བསྐྱོད་གཏམ་བཤད་ཀྱི་ལས་གཞི་སྤེལ་བ་དང་།  སྤྱི་སྒེར་གྱི་ཚོགས་སྡེ་ཁག་ནས་ཟབ་སྦྱོང་དང་ཚོགས་འདུ་གོ་སྒྲིག་ཐོག་གཏམ་བཤད་དང་སློབ་སྟོན་ཡོང་བའི་མགྲོན་འབོད་ནམ་བྱུང་ལ།   འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་སྐོར་ལ་མི་ཆའི་མཐུན་རྒྱུར་ཞུ་བཞིན་ཡོད།

འགན་འཛིན་ལྷན་ཚོགས།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་སློབ་སྟོན་པ་དང་།  དེ་བཞིན་རྒྱལ་སྤྱིའི་ནང་མཚན་སྙན་ཆེ་བའི་མི་སྣ་ཁག་ཅིག་བཅས་ནས་ལྟེ་གནས་ཁང་གི་སློབ་སྟོན་པའི་མཛད་འཁུར་བཞེས་བཞིན་པའི་འོག  ལྟེ་གནས་ཁང་གི་འགན་དབང་ཆ་ཚང་འགན་འཛིན་ལྷན་ཚོགས་ལ་ཡོད།  འགན་འཛིན་ལྷན་ཚོགས་ཀྱི་འོག་ཏུ་འགན་འཛིན་རྒྱུན་ལས་ཚོགས་ཆུང་གིས་སྟངས་འཛིན་བྱེད་ཅིང་།ཞིབ་ཕྲའི་འཆར་ཅན་ལས་དོན་མཐའ་དག་འགན་འཛིན་ལྷན་ཚོགས་དང་།  འགན་འཛིན་རྒྱུན་ལས་ཚོགས་ཆུང་གི་ལམ་སྟོན།  ལྟེ་གནས་ཁང་གི་སྒྲིག་གཞི་བཅས་ཀྱི་དགོངས་དོན་ལྟར་ལྟེ་གནས་ཁང་གི་འགན་འཛིན་གྱིས་འགན་འཁུར་བྱེད་ཀྱི་ཡོད།

ཚོགས་མི།
ལྟེ་གནས་ཁང་གི་ཚོགས་མིར་འཛུལ་ཞུགས་བྱས་པ་དེས་ང་ཚོའི་ལས་དོན་ལ་ཐུགས་སྣང་དང་།  རྒྱབ་སྐྱོར་ཡོད་པ་མཚོན་པར་མ་ཟད།  དེས་ང་ཚོར་སེམས་ཤུགས་དང་།  ལས་དོན་ཐོག་སྔར་བས་འབད་འཐབ་བྱེད་རྒྱུར་སྐུལ་མ་ཐེབས་ཀྱི་ཡོད།

ལྟེ་གནས་ཁང་གི་མཚོན་རྟགས།
ལྟེ་གནས་ཁང་གི་མཚོན་རྟགས་ནི།  ཕུག་རོན་དཀར་པོ་ཞིག་གིས་མཆུ་ཏོར་ཤིང་ལོ་བཟུང་སྟེ་འཕུར་བཞིན་པ་དང་།  མུན་ནག་གི་ཁྲོད་དུ་མེ་ལྕེ་གྱེན་དུ་འཕྱུར་བཞིན་པ་ཞིག་ཡིན།   ཕུག་རོན་དཀར་པོ་དང་ཤིང་ལོས་ཞི་བདེ་དང་རང་དབང་གོང་དུ་བཀུར་བ་མཚོན་ཞིང་།མེ་ལྕེ་གྱེན་དུ་འཕྱུར་བ་དང་མུན་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཅན་དང་།   བོད་མིའི་དཀའ་སྡུག་མཚོན་གྱི་ཡོད།

Leave a Reply

Your email address will not be published. Required fields are marked *